བོད་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉམས་ལེན་ཁང་ཐོག་མའི་སྒོ་ཕྱེས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉམས་ལེན་ཁང་ཐོག་མ་དེ་ཉིང་ཁྲི་གྲོང་ཁྱེར་དུ་སྒོ་མོ་ཕྱེས་པ་རེད། ཉམས་ལེན་ཁང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་ལས་རིགས་སོ་སོའི་གཞུང་ལམ་འགྲིམ་འགྲུལ་ཁྲོད་ཞུགས་མཁན་ལ་ཕྱོགས་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་སློབ་གསོ་བྱ་ཡུལ་འདོན་སྤྲོད་བྱས་པ་མ་ཟད། ཉིང་ཁྲིའི་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱ་བ་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན།

རྒྱུས་ལོན་པ་ལྟར་ན། འགྲིམ་འགྲུལ་བདེ་འཇགས་ཉམས་ལེན་ཁང་ལ་བསྡོམས་པས་མ་དངུལ་སྒོར་ཁྲི20བཏང་ནས་རྒྱ་ཁྱོན་སྨི་གྲུ་བཞི་མ70ཟིན་ཡོད། འགྲེམས་ཁང་ནང་བདེ་འཇགས་ཕྱིར་བསྐྱོད་ཀྱི་མཉམ་འགུལ་ཉམས་ལེན་ཁུལ་དང་། བདེ་འཇགས་སྒྲོག་ཐག་ཉམས་ལེན་ཁུལ། འགོག་སྲུང་རང་བཞིན་གྱི་ཁ་ལོ་བའི་ཉམས་ལེན་ཁུལ། ཆང་བཏུངས་རྗེས་རླངས་འཁོར་སྐོར་བའི་ཉམས་ལེན་ཁུལ། ལོ་ཆུང་བྱིས་པའི་འགྲིམ་འགྲུལ་བདེ་འཇགས་ཀྱིVRཉམས་ལེན་ཁུལ། འགྲིམ་འགྲུལ་བདེ་འཇགས་ཉེན་བརྡའི་སློབ་གསོའི་ཁུལ་བཅས་བསྡོམས་པས་ཁུལ་དྲུག་བཙུགས་ཡོད། ཉམས་ལེན་ཁང་གིས་གཙོ་བོ་ཡུལ་དངོས་རྣམ་པའི་ཉམས་ལེན་དང་། དངོས་སུ་བཀོལ་སྤྱོད། VRཉམས་ལེན་སོགས་ཕྱོགས་མང་པོའི་སློབ་གསོ་གཞི་གཅིག་ཅན་དུ་བསྡུས་ཏེ། སྲོལ་རྒྱུན་སློབ་གསོའི་དཔེ་དབྱིབས་ཀྱི་ནང་དོན་སྣ་གཅིག་ཡིན་པ་དང་གཞན་སྒུལ་སློབ་གསོ་ཐེབས་པ་སོགས་ཀྱི་སྐྱོན་ཆ་བསྒྱུར་ནས། རྒྱ་ཆེའི་གཞུང་ལམ་འགྲིམ་འགྲུལ་ཁྲོད་ཞུགས་མཁན་ལ་འགྲིམ་འགྲུལ་དོན་རྐྱེན་ལས་བྱུང་བའི་གནོད་འཚེ་རོལ་མྱོང་བྱེད་པར་བརྟེན་ནས། འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་སློབ་གསོ་དང་ལེན་བྱེད་དུ་བཅུག་པ་རེད།

ཉམས་ལེན་ཁང་གི་སྒོ་འབྱེད་རྗེས། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཉིང་ཁྲི་ཡན་ལག་རུ་ཁག་གིས་དུས་ལྟར་སྡེ་ཚན་སོ་སོའི་ལས་བྱེད་པ་དང་ལས་བཟོ་བ་རྩ་འཛུགས་བྱས་ནས་ཉམས་ལེན་བྱེད་པར་བསྐྱོད་དེ་འགྲིམ་འགྲུལ་བདེ་འཇགས་ཉམས་ལེན་ཁང་གི་ནུས་བ་འདོན་སྤེལ་གང་ལེགས་བྱས་པ་བརྒྱུད། ཁྲིམས་སྲུང་ཕྱིར་བསྐྱོད་དང་། ཚུལ་ལྡན་ཕྱིར་བསྐྱོད། བདེ་འཇགས་ཕྱིར་བསྐྱོད་བཅས་བྱ་རྒྱུ་དེ་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།