བོད་ལྗོངས་ཀྱིས་གནས་སྐོར་ལས་རིགས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་བོད་ལྗོངས་གནས་སྐོར་རྨང་གཞི་སྒྲིག་ཆས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཡུལ་དངོས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱི་གནས་སྐོར་རྨང་གཞི་སྒྲིག་ཆས་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཚོད་ལྟ་དེ་ལྗོངས་ཡོངས་སུ་རྒྱ་བསྐྱེད་དེ། ལྗོངས་ཡོངས་ཀྱི་གནས་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུ་རེད།

ཐེངས་འདིའི་ཡུལ་དངོས་ཀྱི་ཚོགས་འདུ་དེ་ཡུལ་ལྗོངས་ལྟ་ན་སྡུག་པའི་ཉིང་ཁྲི་གྲོང་ཁྱེར་དུ་བསྡུས་ཤིང་། བོད་ལྗོངས་ཀྱི་འབྲེལ་ཡོད་ལས་བྱེད་མི་སྣས་ཕན་ཚུན་བསམ་བློ་བརྗེ་རེས་དང་སློབ་སྦྱོང་བྱས་ཏེ། ཡུལ་དངོས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་གནས་སྐོར་རྨང་གཞི་སྒྲིག་ཆས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་། ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོའི་ལྗོངས་རྒྱུ་ཁུལ་དང་། ཀླུ་ནང་རིག་ནུས་ཡུལ་མིའི་མགྲོན་ཁང་། ཡར་ཀླུང་གཙང་བོ་གྲོག་རོང་ཆེན་མོའི་མཛེས་ལྗོངས་ཁུལ་སོགས་སྤུས་ལེགས་ཡུལ་མིའི་མགྲོན་ཁང་། རིག་ནུས་ཞབས་ཞུ། འགྲིམ་འགྲུལ་ཟོག་འགྲེམས། སྐྱེ་ཁམས་གསང་སྤྱོད་བཅས་འཛུགས་སྐྲུན་ཐད་ཀྱི་ཉམས་མྱོང་ངོ་སྤྲོད་བྱས་པ་རེད།

བོད་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚུལ་ཁྲིམས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་ཀྱིས་ལྗོངས་ཡོངས་ཀྱིGDPལ་བྱས་རྗེས་འཇོག་ཚད35%ཡས་མས་ལ་སླེབས་པ་དང་། དེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐབས་ལམ་གལ་ཆེན་དུ་གྱུར་ཡོད་ཟེར།

བོད་ལྗོངས་ཀྱིས་གནས་སྐོར་རྨང་གཞི་སྒྲིག་ཆས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་སྟེང་རྣམ་གྲངས་དང་མ་དངུལ་རྒྱབ་སྐྱོར་ཆེན་པོ་གནང་སྟེ། མི་སྣ་གསོ་སྦྱོང་དང་། འཇོན་མི་ནང་འདྲེན། འཇོན་མི་བོད་སྐྱོར་བཅས་བརྒྱུད་དེ། གནས་སྐོར་ལས་གཉེར་མི་སྣས་ལས་རིགས་ཀྱི་བྱང་ཚད་མཐོར་འདེགས་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བར་རྒྱལ་སྤྱི་ཅན་དང་། ཕྱོགས་ཡོངས་ཅན། སྤུས་ཚད་མཐོ་བའི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།