ན་ནིང་བོད་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་བཟོ་ལས་སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར9.8ཟིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་འཚོགས་པའི་རང་བྱུང་འཐུང་ཆུའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བའི་ཟླ་གཉིས་གྲོས་མོལ་བཞུགས་མོལ་ཚོགས་འདུའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  2019ལོར།  ལྗོངས་ཡོངས་ཀྱིས་རང་བྱུང་འཐུང་ཆུ་ཀྲོན་ཁྲི60.6ཕྱིར་འཚོང་བྱས་པར་བཟོ་ལས་སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར9.8ཟིན་པའི་ནང་།  གཞི་ཁྱོན་ཡན་གྱི་ཆུའི་ཁེ་ལས་ཀྱི་བཟོ་ལས་སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར8ཟིན་ཡོད།  ད་བར།  ལྗོངས་ཡོངས་སུ་ཐོན་སྐྱེད་ལག་ཁྱེར་ཡོད་པའི་འཐུང་ཆུ་ཐུམ་སྒྲིལ་ཐོན་སྐྱེད་ཁེ་ལས38ཡོད་པ་དེ་དག་གི་སྤྱིའི་ཐོན་ནུས་ཀྲོན་ཁྲི500ཟིན་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  2020ལོའི་ལོ་འགོར།  རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་གཏན་འཁེལ་ཟིན་པའི་ཟླ་གཉིས་གྲོས་མོལ་གྱི་གཙོ་གནད་གྲོས་གཞིར་གཞིགས་ནས་འབྲེལ་ཡོད་བརྟག་ཞིབ་ཚོགས་ཆུང་གི་ཁོངས་མི་སྒྲིག་འཛུགས་བྱས་ཏེ།  སྔ་རྗེས་སུ་ལྷ་ས་དང་ལྷོ་ཁ།  ནག་ཆུ།  ཆབ་མདོ།  གཞིས་རྩེ་སོགས་གྲོང་ཁྱེར་གྱི་རྫོང(ཆུས)24ཡི་རང་བྱུང་འཐུང་ཆུ་ཐོན་སྐྱེད་ཁེ་ལས50ལྷག་ཙམ་ལ་ས་གནས་ས་ཐོག་གི་བརྟག་ཞིབ་བྱས་ནས།  ཐོན་ལས་གོང་འཕེལ་གནས་ཚུལ་སོགས་ཀྱི་བརྟག་ཞིབ་སྙན་ཞུ་བཟོས་ཡོད།

བརྟག་ཞིབ་ནང་ཞུགས་མཁན་བོད་དུ་བཅའ་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཤའོ་ཡིས།  བོད་ཀྱི་ཆུ་བཟང་ཞེས་པའི་མཉམ་སྡེབ་ཚོང་རྟགས་ཐོ་འགོད་བྱས་ཟིན་ཡོད་པས།  དེང་སྐབས་བོད་ཀྱི་ཆུ་བཟང་ཞེས་པའི་སྤུས་རྟགས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་སྤུས་རྟགས་ལེགས་སྒྲིག་བྱེད་མགྱོགས་སུ་བཏང་སྟེ།  བོད་ཀྱི་རང་བྱུང་འཐུང་ཆུའི་སྤུས་རྟགས་ཀྱི་ཟང་ཟིང་རྣམ་པར་འགྱུར་བ་བཏང་ནས།  ཆུའི་ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་བྱེད་རྒྱུ་སོགས་ཀྱི་ལས་ཀར་རིམ་བཞིན་སྐུལ་འདེད་གཏོང་དགོས་ཅེས་གསུངས།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་ལྗོངས་གནམ་མཚོ་ཁེ་ལས་ཚད་ཡོད་ཀུང་སིའི་རྡུང་ཧྲེ་ཀྲང་རྒྱལ་མཚན་གྱིས།  བྱ་ཐབས་སྣ་ཚོགས་བརྒྱུད་སྐྱེལ་འདྲེན་གྱི་མ་གནས་དམའ་རུ་གཏོང་བ་དང་ཁུལ་ཁོངས་ཀྱི་ཚད་བཀག་སེལ་ཏེ།  ཟོག་འགྲེམས་ཀྱི་ལས་ཕྱོད་མཐོ་རུ་བཏང་ཚེ་བོད་ཀྱི་ཆུ་བཟང་ཞེས་པའི་སྤུས་རྟགས་དེ་ལྗོངས་ཕྱིར་ཁྱབ་གདལ་གཏོང་བའི་མཐའ་མའི་འགག་གནད་སེལ་ཐུབ་རྒྱུ་རེད་ཅེས་གསུངས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།