ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མངའ་རིས་ས་ཁུལ་གྱིས་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་བར་སྐུལ་འདེད་བཏང་སྟེ། དུས་ལྟར་གྲོང་ཚོ་ཨུ་ཡོན་ལྷན་ཁང་གཉིས་དང་། ཧྲུའུ་ཅི་དང་པོ། གྲོང་ཚོར་བཅའ་སྡོད་བྱ་བའི་རུ་ཁག་གི་འགོ་ཁྲིད་དང་པོ་བཅས་ཀྱི་ཚོགས་འདུ་འཚོག་པར་རྩ་འཛུགས་བྱས་ཤིང་། རྫོང་ཡོངས་ཀྱི་གྲོང་ཚོའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱ་བའི་གྲོས་ཚོགས་ལ་ཞུགས་ནས། གྲོང་ཚོའི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ་དེ་ལས་དོན་གཙོ་བོ་རུ་བརྩིས་ཏེ། གཙང་སྤྲའི་ཡུན་རིང་གི་ལམ་ལུགས་བཙུགས་པ་དང་། གྲོང་ཚོའི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་རྩ་བ་ནས་ལེགས་བཅོས་དང་བཟང་སྡེབ་བྱས།
མངའ་རིས་ས་ཁུལ་གྱིས་གཙོ་བོ“གཙང་བཤེར་བཞི་དང་ལེགས་བཅོས་གཉིས”ཀྱི་ལས་འགན་ལ་དམིགས་ནས། གྲོང་ཚོའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་དེ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་རྒྱུན་གཏན་ལས་དོན་ཁྲོད་བཅུག་ནས་གཟའ་འཁོར་རེ་དང་ཟླ་རེར་དུས་ཚིགས་རེར་ཁོར་ཡུག་བཅོས་སྒྲིག་བྱེད་བཞིན་ཡོད། “སྒོ་ཁའི་འགན་ལེན་གསུམ”གྱི་འགན་འཁྲིའི་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ། གྲོང་ཚོ་ཡོངས་ཀྱི་ཁྱབ་ཁོངས་ནང་གད་སྙིགས་མེད་པ་དེ་གྲོང་ཚོའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་རྨང་གཞིར་བརྩིས་ནས“ཁྱིམ་ཚང་རིགས་འབྱེད་དང་། དུད་སྦྲེལ་འཚོལ་བསྡུ། གྲོང་ཚོ་བརྒྱུད་འདྲེན་དང་ཐག་གཅོད་བྱེད་པའི”གཞི་གཅིག་ཅན་གྱི་ཐག་གཅོད་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་བཏང་ནས། རོང་འབྲོག་མང་ཚོགས་ལ་རིམ་བཞིན་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཆགས་པར་ཁྲིད་སྟོན་བྱས།
བོད་ལྗོངས་ཀྱིས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས། མངའ་རིས་ས་ཁུལ་གྱིས་ནོར་ཤུགས་དང་དངོས་ཤུགས་གཅིག་བསྡུས་ཀྱི་མཛེས་སྡུག་ལྡན་པའི་འཚོ་སྡོད་གྲོང་ཚོ་སྐྲུན་པ་ལས། སྔོན་ཆད་ཁ་ཐོར་དུ་གནས་པའི་ཞིང་ཁྱིམ་གཅིག་བསྡུས་ངང་འདུག་ཐུབ་པ་བྱུང་ལ། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྡོད་ཁང་དང་འཚོ་བའི་ཁོར་ཡུག་སོགས་ཀྱི་གནད་དོན་ཡང་ཐག་གཅོད་བྱས།
དེ་དང་ཆབས་ཅིག་སྡོང་འཛུགས་ནགས་སྐྲུན་བྱ་རྒྱུ་དེ་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་གལ་ཆེན་དུ་བརྩིས་ནས་དམ་འཛིན་བྱས་ཤིང་། གྲོང་ཚོར་འགྲོ་འོང་བྱེད་པའི་ལམ་རྒྱུད་གཙོ་བོར་སྡོང་འཛུགས་ནགས་སྐྲུན་བྱས་ནས་སྔོ་ལྗང་ཁུལ་དང་། མཛེས་ལྗོངས་ཁུལ། ཕྱུག་འགྱུར་ཁུལ་བཅས་ཆགས་པར་བྱས། ཁོར་ཡུག་མཛེས་བཟོ་བྱེད་པ་དང་ཆབས་ཅིག་ད་དུང་མང་ཚོགས་ཡོང་སྒོ་འཕར་སྣོན་དང་ཕྱུག་འགྱུར་བྱུང་བར་སྐུལ་ཁྲིད་བྱས། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
མངའ་རིས་ས་ཁུལ་གྱིས་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་བ་གཏིང་ཟབ་དུ་སྤེལ།