གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རིག་གནས་ཚོང་རར་ཆེད་དོན་ཞིབ་བཤེར་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་རྩེ་གྲོང་ཁྱེར་གྱི“རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར”འཛུགས་སྐྲུན་ལས་དོན་གྱི་བླང་བྱ་ལྟར། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུའུ་ཡིས་གཞིས་རྩེ་གྲོང་ཁྱེར་གྱི་དྲ་སྦྲེལ་གཉེར་སྐྱོང་བྱ་ཡུལ་དང་གླུ་གར་རོལ་རྩེད་ཁང་སོགས་རིག་གནས་ཁྲོམ་རའི་གཉེར་སྐྱོང་བྱ་ཡུལ་དུ་བསྐྱོད་དེ་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་གྱི་རིག་གནས་ཁྲོམ་ར་སྐྲུན་པའི་ཆེད་དོན་ཞིབ་བཤེར་ལས་དོན་སྤེལ་བ་རེད། 

ཐེངས་འདིའི་ཞིབ་བཤེར་ཁྲོད་དཔལ་ཡོན་གསལ་འདེབས་ཐ་སྙད་དང་སྤྱི་བའི་འདུ་གནས་སུ་ཐ་མག་འཐེན་མི་ཆོག་པའི་མཚོན་རྟགས་བཀོད་པའི་གནས་ཚུལ་དང་། མེ་ཟོན་བགྲོད་ལམ་ཤར་གཏོང་ཐུབ་མིན། ཁོར་ཡུག་འཕྲོད་བསྟེན་དང་དཔལ་ཡོན་གྲོང་ཁྱེར་གྱི་དྲིལ་བསྒྲགས་རྣམ་པ་སྐྲུན་པ་སོགས་ཀྱི་ནང་དོན་གཙོ་གནད་དུ་བཟུང་ཡོད། ཁྲིམས་འགལ་གཉེར་སྐྱོང་བྱ་འགུལ་ལ་ཞིབ་གཅོད་ནན་མོ་བྱས་ཏེ། རིག་གནས་ཁྲོམ་རའི་གཉེར་སྐྱོང་བྱ་ཡུལ་ཚང་མ་ལྟ་སྐུལ་དོ་དམ་གྱི་མཐོང་ལམ་དུ་བཅུག་ནས་མཐའ་ཚད་དང་དམར་ཐིག་ཁ་གསལ་བཟོས་ཏེ། གཉེར་སྐྱོང་བྱ་ཡུལ་གྱིས་རང་རྟོགས་ངང་ཁྲིམས་ལྟར་གཉེར་སྐྱོང་བྱ་འགུལ་ཚད་ལྡན་དུ་གཏོང་བར་ཁྲིད་སྟོན་བྱས། ཐེངས་འདིའི་ཆེད་དོན་ཞིབ་བཤེར་ལས་དོན་ལ་ཁྲིམས་འཛིན་མི་སྣ་མི་ཐེངས30ལྷག་མངག་གཏོང་བྱས་ནས། 《དཔལ་ཡོན་གཞུང་དོན་ཁང་དང་དཔལ་ཡོན་དྲ་ཞུགས་ཀྱི་གྲོས་འདོན་ཡི་གེ》300ལྷག་སྤྲད་པ་དང་དྲ་སྦྲེལ་གཉེར་སྐྱོང་བྱ་ཡུལ་དང་། གླུ་གར་རོལ་རྩེད་ཁང་། རོལ་རྩེད་ཁང་སོགས་རིག་གནས་གཉེར་སྐྱོང་བྱ་ཡུལ52ལ་ཞིབ་བཤེར་བྱས། ཡུལ་དངོས་སུ་གནད་དོན16དག་ཐེར་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་ཁྲོམ་རའི་གཉེར་སྐྱོང་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གྱུར་ནས་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་བསྐྲུན་པར་སྐུལ་འདེད་བཏང་བ་རེད།  

འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། རྗེས་མར་གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུའུ་ཡིས་གྲོང་ཁུལ་གྱི་རིག་གནས་ཁྲོམ་རའི་གཉེར་སྐྱོང་བྱ་ཡུལ་ལ་ཞིབ་བཤེར་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས་གྲོང་ཁྱེར་ཡ་རབས་ཅན་འཛུགས་སྐྱོང་གི་ལས་དོན་སོ་སོ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། ཁྲིམས་འགལ་གྱི་གཉེར་སྐྱོང་སྣང་ཚུལ་གཏན་འགོག་བྱས་ནས་གཉེར་སྐྱོང་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་འབད་བརྩོན་བྱས་ནས་རིག་གནས་ཁྲོམ་རའི་སྤྱི་ཡོངས་ཀྱི་དཔལ་ཡོན་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།