བོད་ལྗོངས་ཀྱིས་གནོད་མེད་ཇའི་ཐོན་རྫས་ཁྱབ་གདལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་གནོད་མེད་ཇ་ཁྱབ་གདལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀྲོང་ཡན་གྱིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་ནས།  དུས་མཚམས་གོང་མའི་བོད་ལྗོངས་ཀྱི་གནོད་མེད་ཇ་ཁྱབ་གདལ་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་ནས་དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་རིང་ལ་དམིགས་ཏེ་གཏན་འཁེལ་ཟིན་པའི་དམིགས་ཚད་ལས་འགན་ལ་ལྟ་བསྡུར་བྱས་ནས་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་མ་ཟད།  ལས་རིགས་ཚན་ཁག་དང་གྲོང་ཁྱེར༼ས་ཁུལ༽ཁག་དབར་དང་།  ལྗོངས་ནང་ཁུལ་དང་ལྗོངས་ཕྱིའི་དབར་སྦྲེལ་མཐུད་བྱེད་རྒྱུར་བསྟུན་ནས་དུས་ཐོག་དང་ཕན་ནུས་ཆེ་ལ་སྦྲེལ་མཐུད་དམ་ཟབ་ཀྱི་ཆ་འཕྲིན་སྤེལ་རེས་ལམ་སྲོལ་ཡང་བཙུགས་ནས།  གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་བྱེད་དགོས་པ།  ས་ཁུལ་དང་ཚན་པ་ཁག་གིས་དོན་དངོས་ལ་གཞི་ཚུགས་ནས་དམིགས་ཚད་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།  ཚོད་ལྟ་བྱེད་གནས་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོ།  ཁྲོམ་ར་ལྟ་སྡོམ།  འདེབས་འཛུགས་ཐོན་སྐྱེད།  ཕྱིར་འཚོང་ཐབས་ལམ་ཤར་གཏོང་སོགས་ཀྱི་ལས་ཀའི་བྱ་ཐབས་ཁག་ཞིབ་ཕྲ་དང་ཏན་ཏིག་བཟོས་ཐོག  སེམས་ནུས་གཅིག་སྒྲིལ་དང་སྐུལ་འདེད་ཤུགས་ཆེ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཚོས་སྤུས་དག་ལ་གོང་ཁེ་བའི་གནོད་མེད་ཇའི་ཐོན་རྫས་ལོངས་སྤྱོད་ཐུབ་པ་བྱེད་དགོས་པ།  དུས་ཚོད་སྦྲེལ་ཚིགས་དང་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་ལས་ཕྱོད་དཔྱད་ཞིབ་ལམ་སྲོལ་གང་མགྱོགས་འཛུགས་པ་དང་།  སྐབས་བསྟུན་ངང་དཔྱད་ཞིབ་གདེང་འཇོག་བྱས་ནས་སྐུལ་ལྕག་ཚོད་འཛིན་ཐུབ་པ་བྱེད་པ་དང་གནོན་ཤུགས་སྒུལ་ཤུགས་སུ་འགྱུར་བ་བྱས་ཏེ།  གནོད་མེད་ཇ་ཁྱབ་གདལ་གཏོང་བའི་དམིགས་ཚད་ལས་འགན་ཁག་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ཞིབ་ཕྲ་དང་དམ་འཛིན་ཡག་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།