བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)རིམ་པའི་རྟེན་རྫས་བཤམས་མཛོད་ཁང་ཆེན་མོ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་སྤྱོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས12ཉིན་གྱི་སྔ་དྲོ། ལྷོ་ཁ་རྟེན་རྫས་བཤམས་མཛོད་ཁང་གི་སྒོ་ཕྱེ་བའི་མཛད་སྒོ་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་དུ་འཚོགས་པ་དང་། དེ་ལས་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)རིམ་པའི་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་བེད་སྤྱོད་བྱེད་འགོ་ཚུགས་པ་མཚོན། 

ངོ་སྤྲོད་བྱས་པ་ལྟར་ན། ལྷོ་ཁའི་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམ་སྟོན་ཁུལ་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ5700ཡོད་པ་དང་། བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས4000ལྷག་ཡོད་པའི་ནང་རིག་དངོས་རྩ་ཆེན120ཡོད་པ་དང་རིག་དངོས་ཀྱི་གྲངས་འབོར་ནི་བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)རིམ་པའི་རྟེན་རྫས་བཤམས་མཛོད་ཁང་གི་ཆེས་མཐོ་ཤོས་ཡིན་པ་རེད། འགྲེམ་སྟོན་ཁང་དེ་སྤྱོད་བྱེད་འགོ་ཚུགས་པའི་དམིགས་ཡུལ་ནི་བོད་མིའི་ལོ་རྒྱུས་རིག་གནས་སྔར་ལས་དར་སྤེལ་བཏང་སྟེ། ལོ་རྒྱུས་ཀྱི་རིག་དངོས་རྒྱུན་འཛིན་དང་སྲུང་སྐྱོང་བྱས་ནས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དེ་ཡིན།

རྒྱུས་ལོན་པ་ལྟར་ན། ལྷོ་ཁའི་རྟེན་རྫས་བཤམས་མཛོད་ཁང་དེ་ལྷོ་ཁའི་ལོ་རྒྱུས་འགྲེམ་སྟོན་དང་། དམངས་སྲོལ་འགྲེམ་སྟོན། སྲོལ་རྒྱུན་སྒྱུ་རྩལ་འགྲེམ་སྟོན། ཡིག་ཚགས་འགྲེམ་སྟོན་བཅས་རྒྱུན་བཙུགས་འགྲེམ་སྟོན4དང་གནས་སྐབས་འགྲེམ་སྟོན1ལས་གྲུབ་ཡོད། 4Dགློག་བརྙན་ཁང་དང་། རིག་གནས་གསར་གཏོད་ཐོན་རྫས་སྒོ་རྩིས་ཚོང་ཁང་། གཞུང་ལས་ས་ཁོངས། ནུས་མང་ཐིན་སོགས་གཞི་གཅིག་ཏུ་འདུས་ཡོད། འགྲེམ་སྟོན་ཁང་དུ་གནའ་རྫས་དཔྱད་ཞིབ་ཀྱི་ས་འོག་གི་རིག་དངོས་དང་། གསེར་དངུལ་ཡོ་བྱད། རྫ་ཆས། རྡོ་ཆས། ལོ་རྒྱུས་ཡིག་ཚགས་ཡིག་ཆ། སངས་རྒྱས་ཆོས་ལུགས་ཀྱི་བསྟན་བཅོས་སོགས་ཉར་ཚགས་བྱས་ཡོད་པ་མ་ཟད། དམངས་སྲོལ་སོགས་ཀྱི་རིག་དངོས་རྩ་ཆེན་ཡང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།