བོད་ལྗོངས་ཀྱི་སྐོར་ཐེངས་གཉིས་པའི་ས་ཁུལ་དང་གྲོང་ཁྱེར་རྫོང་ཆུས་བཅས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་སྤེལ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཀྱི་སྐོར་ཐེངས་གཉིས་པའི་ས་ཁུལ་དང་གྲོང་ཁྱེར་རྫོང་ཆུས་བཅས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་གསོ་སྦྱོང་འཛིན་གྲྭ་དངོས་སུ་སྤེལ་འགོ་ཚུགས་པ་དང་། ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན་བདུན་ལ་སྤེལ་རྒྱུ་ཡིན་ཞིང་། གསོ་སྦྱོང་ཁྲོད་ཞུགས་མཁན་ནི་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་རུ་ལས་གཉེར་བྱེད་བཞིན་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་རྣམས་ཡིན། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་གི་ནང་དོན་ཁྲོད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། དམངས་དོན་ཁྲིམས་གཞུང་། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན། དྲ་ཐོག་ཚོང་དོན་གྱི་ཤེས་བྱ་སོགས་ཚུད་ཡོད་པ་རེད། གསོ་སྐྱོང་སྦྱོང་བརྡར་བྱེད་པའི་རིང་། གསོ་སྦྱོང་ནང་ཞུགས་མཁན་གྱིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བཟང་མོ་གྲོང་ཚོ་སོགས་སུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུ་ཡིན་པར་མ་ཟད། ཐན་ཀོན་སན་གྱི་དྲན་གསོའི་གླིང་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱེད་པར་བསྐྱོད་རྒྱུ་རེད། “ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི། སྦྱོང་བརྡར་ཁྲོད་ཞུགས་མཁན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ངོས་འཛིན་བྱེད་ཚད་ཇེ་ཟབ་ཏུ་གཏོང་བ། བུད་མེད་དང་བྱིས་པར་ཞབས་འདེགས་ཞུ་བའི་ནུས་བ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཡིན། ཅེས་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་ངོ་སྤྲོད་བྱས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།