བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

འཕེལ་རྒྱས་ནི་འགྱུར་མེད་ཀྱི་གནས་ལུགས་ཤིག་ཡིན་ལ། བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་ཡང་ཡིན། ཉིན་ཤས་གོང་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་དགོས་ཤིང་། འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་རྒྱུ་འཇུག་གཞིར་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོ་དང་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་འདེགས་སྐྱོར་དུ་བྱེད་པ། ལམ་ལུགས་ལམ་སྲོལ་འགན་ལེན་དུ་བྱེད་པ་བཅས་བྱས་ཏེ། སྤྱི་འདོམས་འཆར་འགོད་དང་། རིགས་དབྱེ་ཇུས་བསྟར། གནད་སྨིན་ཤུགས་འདོན་བཅས་བྱས་ནས། སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་དང་བསྟུན་ནས་བོད་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ཆུ་ཚད་རིམ་བཞིན་རྒྱལ་ཡོངས་དང་གོམ་སྟབས་གཅིག་མཚུངས་བྱུང་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་དེང་རབས་ཀྱི་ཤེས་དཔལ་གྲུབ་འབྲས་ཟམ་མི་ཆད་པར་ལོངས་སུ་སྤྱོད་བཞིན་ཡོད། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ་དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དེ། དཔལ་འབྱོར་དང་རིག་གནས་དར་རྒྱས་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས། སྣོད་བཅུད་ཁོར་ཡུག་ལེགས་པ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་བོད་ལྗོངས་གསར་པ་ཞིག་ཏུ་འཛུགས་སྐྲུན་བྱས་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུད་ཆད་མེད་པར་མཐོ་རུ་འགྲོ་བའི་འགན་ལེན། སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་བའི་འགན་ལེན། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བཅས་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བར། གལ་ཆེ་ཤོས་ནི་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་རེད། 2019ལོའི་ལོ་མཇུག་ཏུ། བོད་ཀྱི་མཐའ་འཇུག་གི་རྫོང(ཆུས)དབུལ་པོ་19ཚང་མ་དབུལ་ཞྭ་ཕུད་པ་དེ་ཐོག་ནས། བོད་ཀྱི་ལྗོངས་ཡོངས་སུ་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་མེད་པར་བཟོས་པ་མཚོན་ཡོད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དབུལ་སྒྲོལ་དང་དེ་སྔའི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་གཉིས་གཅིག་འདྲར་གླེང་གི་ཡོད། དེ་ཐོག་ནས་དོན་ཆེན་དེར་དོན་སྙིང་གལ་ཆེན་ལྡན་པ་དང་ཤུགས་རྐྱེན་ཟབ་མོ་ལྡན་པ་མཚོན་ཐུབ། འོན་ཀྱང་བོད་ཀྱི་དཔལ་འབྱོར་རྨང་གཞི་དང་ཐོན་ལས་རྨང་གཞི་ཚང་མ་ཅུང་ཞན་པས་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་ཅུང་ཆེན་པོ་ཡོད། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་ནུས་ཤུགས་སྔར་བས་ཆེ་བ་འདོན་པ་དང་། ཐབས་ཤེས་དེ་བས་མང་བ་སྤྱོད་པ། རྗེས་མཐུད་རོགས་སྐྱོར་དང་རྒྱབ་སྐྱོར་དེ་བས་མང་བ་བྱེད་པ་བཅས་བྱེད་དགོས། གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་སྦྲེལ་མཐུད་ཡག་པོ་བྱེད་པ་དང་། ལྷག་པར་དུ་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་འགྲིམ་འགྲུལ་སྒྲིག་བཀོད་དང་། སྨན་བསྟེན་སློབ་ཞུགས། རྒན་གསོ་དང་སྤྱི་ཚོགས་འགན་སྲུང་སོགས་ཚང་མར་ཁྱབ་པ་བྱེད་དགོས། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་སོགས་རྣམ་གྲངས་ལ་དམིགས་ཏེ། གཙོ་གནད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གལ་ཆེན་ཁག་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། མཐུན་སྒྲིལ་གྱི་ལམ་བུ་དང་བདེ་སྐྱིད་ཀྱི་ལམ་བུ་དེ་བས་མང་བ་འཛུགས་སྐྲུན་བྱེད་དགོས། ལས་ཞུགས་ཀྱི་གར་སྟེགས་མཁོ་འདོན་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་པ་དང་འབྲེལ་རོགས་སྐྱོར་ཡང་བྱས་ནས། ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་པ་དང་། ཐབས་ལམ་མང་བའི་ཁྲོམ་རའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། རང་བྱུང་རིག་པ་དང་། བཟོ་སྐྲུན་རིག་པ། ཞིང་ལས་རིག་པ། གསོ་བ་རིག་པ་བཅས་ཀྱི་ཤེས་ལྡན་མི་སྣ་དཀོན་རིགས་དེ་བས་མང་བ་གསོ་སྐྱོང་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྱུང་འགྱུར་ཁྲོམ་རའི་དགོས་མཁོར་གཞིགས་ནས་ལས་རིགས་སློབ་གསོ་ཡག་པོ་གཉེར་བ། ཚན་རིག་དང་མཐུན་པའི་ངང་རིག་ཚན་བཀོད་སྒྲིག་བྱེད་པ། རིམ་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ཆེད་ལས་རྩལ་ནུས་ཅན་གྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད། བོད་འདི་ཉིད་མཚོ་བོད་ས་མཐོའི་དབུས་སུ་གནས་པ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། ངེས་པར་དུ་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་སོགས་ལ་སྲུང་སྐྱོང་ཡག་པོ་བྱས་ནས། མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད། ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་གཏོད་དགོས། མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁོར་ཡུག་འགྱུར་ལྡོག་གི་གནས་ལུགས་རྒྱུ་མཚན་གསལ་སྟོན་བྱེད་དགོས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱེད་སྒོས་མཚོ་བོད་ས་མཐོར་ཐེབས་པའི་ཤུགས་རྐྱེན་ཁོང་དུ་ཡང་དག་ཆུད་པར་བྱས་ནས། སྲུང་སྐྱོང་དང་། སླར་གསོ། བཅོས་སྐྱོང་བཅས་ཀྱི་ཆ་ལག་ཚང་བའི་ཇུས་གཞི་དང་ལས་གྲྭའི་བྱ་ཐབས་ཞིབ་འཇུག་བྱས་ནས་འདོན་དགོས། ཁ་གསབ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྣོད་བཅུད་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་ཁག་གི་ཧུར་སེམས་དེ་བས་ལེགས་པའི་སྒོ་ནས་སྐོང་འཐེན་བྱས་ཏེ། སྣོད་བཅུད་བཟང་པོ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་ཀྱི་འཁོར་རྒྱུག་བཟང་བའི་ཕུགས་ཕན་ལམ་སྲོལ་ཞིག་ཆགས་པར་བྱེད་དགོས། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྤྱད་དེ། མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་སེམས་ཁྲལ་སེལ་རོགས་བྱེད་དགོས་ཞེས་བསྟན་གནང་ཡོད།

“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུ་རེད། དེ་ནི་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་རྗེས། བབ་བསྟུན་འཕྲལ་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་འབད་འབུངས་བྱེད་པའི་ལོ་ལྔ་དང་པོ་དེ་ཡིན་པས་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏུ་སྐྱོད་འགོ་རྩོམ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཚེ། ང་ཚོས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབྱུང་འགྱུར་ཡང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།