ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་དཔྱད་གཏམ་དགུ་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་དགོས”ཞེས་བསྟན་གནང་བ་འདིས། ང་ཚོས་དུས་རབས་གསར་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩི་བ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་གཞི་ཚུགས་ས་དང་ཤུགས་རྒྱག་གཞིར་བརྩིས་ཏེ། དུས་རབས་གསར་པའི་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

རྩ་བ་དང་འབྱུང་ཁུངས་གཅིག་པ་ཡིན་པས། བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞིང་། གནའ་སྔ་མོ་ནས་རྡོ་ཆས་གསར་པའི་དུས་རབས་བར། བོད་ཀྱི་གདོད་མའི་རིག་གནས་དང་ཀྲུང་ཡོན་རིག་གནས་དབར་འབྲེལ་བ་དམ་ཟབ་ཡོད་པ་དང་། བོད་ཀྱི་མི་རིགས་དང་མེས་རྒྱལ་སྤུན་ཟླའི་མི་རིགས་གཞན་དག་དབར་ཁ་འབྲལ་ཐབས་མེད་པའི་གོང་བུ་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་དར་ཞིང་རྒྱས་པ་ཞིག་ཡོད། ཐང་རྒྱལ་རབས་ཀྱི་སྐབས། རྒྱ་བཟའ་ཀོང་ཇོ་དང་གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་ནས་བོད་རྒྱ་མི་རིགས་མཐུན་སྒྲིལ་གྱི་ལོ་ངོ་སྟོང་ཕྲག་མང་པོའི་གཏམ་སྙན་ཞིག་ཏུ་གྱུར་ཡོད། ཡོན་རྒྱལ་རབས་སྐབས། བོད་ལྗོངས་འདི་ཉིད་ཀྲུང་དབྱང་སྲིད་གཞུང་གིས་ཐད་ཀར་བདག་སྐྱོང་བྱས་པའི་སྲིད་འཛིན་ས་ཁོངས་ཤིག་ཏུ་གྱུར་ཡོད། མིང་རྒྱལ་རབས་སྐབས། ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་སུ་དམག་དཔུང་སྒྲིག་ཁོངས་ལམ་ལུགས་བཙུགས་པ་དང་འབྲེལ། ཆོས་ལུགས་གྲུབ་མཐའ་ཁག་གི་མཐོ་རིམ་ལ་མཚན་སྙན་སྣ་ཚོགས་བསྩལ་ཡོད། ཆིང་རྒྱལ་རབས་སྐབས། བོད་ཚབ་ལས་ཁང་བཙུགས་པ་དང་བོད་སྡོད་ཨམ་བན་བཀོད་སྒྲིག་བྱས་པ་དང་འབྲེལ། 《བོད་ནང་ཁུལ་གྱི་ལས་མཇུག་ལེགས་བསྡུས་ཀྱི་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཡོད།

མི་རིགས་ཁག་གིས་ཐུན་མོང་ཐོག་རང་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་གསར་འབྱེད་དང་། ཐུན་མོང་ཐོག་རང་རྒྱལ་གྱི་ལོ་རྒྱུས་ཡུན་རིང་རྩོམ་པ། ཐུན་མོང་ཐོག་རང་རྒྱལ་གྱི་འོད་སྟོང་འཕྲོ་བའི་རིག་གནས་གསར་གཏོད། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་སྐྱེད་སྲིང་བཅས་བྱེད་རིང་བོད་ལྗོངས་མི་དམངས་ཀྱིས་སེམས་ནུས་བློ་གྲོས་དང་དཀའ་སྤྱད་འབད་བརྩོན་བྱས་པ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ལས་ར་འཕྲོད་ཐུབ་ཡོད།

ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བ་ནི་མི་རིགས་ཁག་གི་མི་དམངས་ཀྱི་དུས་རབས་གསར་པའི་མངོན་གསལ་དོད་པའི་བརྗོད་དོན་གཙོ་བོ་ཞིག་ཡིན་ཞིང་། བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ། རང་སྐྱོང་ལྗོངས་དབུ་བརྙེས་པ་བཅས་ཚུན་དུ། བོད་ཀྱི་ས་གཞི་ཆེ་མོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་རླབས་ཆེན་མེས་རྒྱལ་གྱི་པང་ཁའི་ནང་། ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་ལྕགས་སྒྲོག་གཏོར་ནས་ཚེ་སྲོག་གསར་པ་ཐོབ་པ་དང་། མུན་ནག་དང་བྲལ་ནས་འོད་ཟེར་ཕྱོགས་སུ་བསྐྱོད་པ། དབུལ་ཕོངས་ལས་ཐར་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཡོད། རང་རེའི་ཏང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དང་ཀྲུང་གོའི་མི་རིགས་གནད་དོན་གྱི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་འགྲོ་ལམ་ཐོག་བསྐྱོད་དེ། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་གཏན་འཁེལ་གྱིས་མི་རིགས་འདྲ་མཉམ་ཡོང་བ་དེ་རྒྱལ་ཁབ་འཛུགས་པའི་རྩ་བའི་རྩ་དོན་གྱི་གྲས་ཤིག་ལ་བརྩིས་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གཏན་འཁེལ་བྱས་ཏེ་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྡུག་བསྔལ་གྱི་ལོ་རྒྱུས་མཇུག་འགྲིལ་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་མེས་རྒྱལ་གྱི་སྤུན་ཟླའི་མི་རིགས་གཞན་དག་དང་འདྲ་བར་ལོ་རྒྱུས་ཐོག་རང་ཁྱིམ་རང་བདག་གི་དབང་ཆ་ཐེངས་དང་པོ་དངོས་འབྲེལ་ཐོབ་པ་དང་ཆབས་ཅིག མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་སྲིད་ལོ་གསར་པ་བཏོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། དམངས་འཚོར་ཕན་བདེ་ཐོབ་ཤུགས་ཆེ་རུ་ཤུགས་ཆེན་ཕྱིན་པ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཉིན་བཞིན་ཆེ་རུ་ཕྱིན་ཡོད། ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དབུལ་པོར་དམིགས་པ་དང་གནད་སྨིན་ཇུས་འདོན་བྱས་ཏེ“ཉིན་ཟླ་གསར་པར་སྒྱུར་རྒྱུའི་སྙིང་སྟོབས་ལྡན་པ”དང“ལའུ་ལན་མཁར་རྫོང་མ་ཕབ་བར། ཁྲབ་རྨོག་ཕུད་དེ་མི་ལོག་པའི”ཆོད་སེམས་ལ་བརྟེན་ནས། མཁྲེགས་སའི་ནང་གི་མཁྲེགས་སར་གཏུག་ཕོད་པ་དང་། འགག་སྒྲོལ་ནང་གི་འགག་སྒྲོལ་བསལ་བས། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དང་ཆུས་74ཚང་མ་དབུལ་ཞྭ་ཕུད་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རང་དབང་བདེ་སྐྱིད་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་མངོན་འགྱུར་བྱུང་བ་ཡིན་ལ། མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོར་བརྟེན་ནས་བཞད་པའི་མཛེས་སྡུག་ལྡན་པའི་མེ་ཏོག་དང་བཏགས་པའི་གཡུར་ཟའི་འབྲས་བུ་ཞིག་ཡིན།

བློ་སེམས་གཅིག་མཐུན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས། བོད་ཀྱི་ལས་དབང་དང་རླབས་ཆེན་མེས་རྒྱལ་གྱི་ལས་དབང་དམ་པོར་འབྲེལ་བས། རླབས་ཆེན་མེས་རྒྱལ་སྟོབས་ཆེར་ཕྱིན་པ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཕུགས་འདུན་འཚོལ་བ་དང་། ཕུགས་འདུན་དོན་གཉེར། ཕུགས་འདུན་འགྲུབ་པ་བཅས་ཀྱི་སྲ་ཞིང་བརྟན་པའི་འགན་ལེན་ཞིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཕུགས་འདུན་མངོན་འགྱུར་གྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཞིག་ཡིན། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་ནས་མཛེས་སྡུག་ལྡན་པའི་འཆར་གཞིའི་མདུན་དུ། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མི་དམངས་ཀྱི་འབད་འཐབ་ཀྱི་དམིགས་ཚད་ལ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་སྒྲེང་བ། མི་རིགས་ཁག་ལ་ཐུན་མོང་ཐོག་དབང་བའི་བསམ་པའི་ཁྱིམ་གཞིས་ཧུར་ཐག་སྐྲུན་པ། མི་རིགས་ཀྱི་ལས་དོན་ཁྲིམས་བཞིན་བཅོས་སྐྱོང་བྱེད་པ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་བ། མི་རིགས་ཁག་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་ཁོང་ཡངས། ཕན་ཚུན་མྱོང་རོལ། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།