“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞིས”བོད་ལྗོངས་ཀྱི་དགེ་རྒན་གྱི་བྱང་ཚད་ཇེ་མཐོར་གཏོང་བར་རམ་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་ལྗོངས་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ལོ10ཡི་རིང་། རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི”(སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་རྒྱལ་ཁབ་རིམ་པའི་གསོ་སྦྱོང་འཆར་གཞི)རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར3.23བཏང་ནས་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་མི་ཐེངས་ཁྲི15.8ལ་གསོ་སྦྱོང་བྱས། “རྒྱལ་ཁབ་ཀྱི་གསོ་སྐྱོང་འཆར་གཞི”ནི་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་ལག་བསྟར་བྱས་ཏེ། དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་ལྷག་པར་དུ་གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་སྤྱི་ཡོངས་ཀྱི་བྱང་ཚད་ཇེ་མཐོར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྨང་གཞིའི་སློབ་གསོ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་ཕྱོགས་ནས་དོན་སྙིང་གལ་ཆེན་ལྡན། 

རྒྱུས་ལོན་པ་ལྟར་ན།  བོད་ལྗོངས་སློབ་གསོ་ཐིན་གྱིས“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞིའི”རྩ་འཛུགས་དང་ལག་བསྟར་བྱ་བར་མཐོང་ཆེན་བྱས་ཏེ། “རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི”དེ་ལྗོངས་ཡོངས་ཀྱི་སློབ་གསོའི་གནད་འཕིགས་དབུལ་སྐྱོར་འཆར་འགོད་ནང་བཅུག་པ་དང་འབྲེལ་ཇུས་འགོད་གང་ལེགས་བྱས། གྲོང་ཁྱེར་དང་ས་ཁུལ་སོ་སོ་དང་སྒྲུབ་འགན་འཁུར་བའི་སློབ་གྲྭ་སོ་སོའི་བར་གྱི་འབྲེལ་མཐུད་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་གསོ་སྦྱོང་རྣམ་གྲངས་ཀྱི་འཆར་འགོད་དེ་གྲོང་གསེབ་ཀྱི་འཐབ་ས་དང་པོའི་དགེ་རྒན་གྱི་གསོ་སྦྱོང་གི་དགོས་མཁོ་དངོས་དང་བསྟུན་པ་རེད། “རྒྱལ་ཁབ་ཀྱི་གསོ་སྦྱོང”དང“བོད་ལྗོངས་ཀྱི་གསོ་སྦྱོང”དེ་གྲོང་གསེབ་ཀྱི་དགེ་རྒན་ལ་སྔར་ལས་གཟིགས་སྐྱོང་བྱས་ཏེ། གྲོང་གསེབ་ཀྱི་དགེ་རྒན་གསོ་སྦྱོང་ཕྱོགས་ཡོངས་ལ་ཁྱབ་པ་དང་། “རྒྱལ་ཁབ་ཀྱི་གསོ་སྦྱོང”གི་སློབ་ཁྲིད་གཤམ་སྐྱེལ་རྣམ་གྲངས་ཇུས་འགོད་ཞིབ་ཚགས་བྱས་ཏེ་གྲོང་གསེབ་ཀྱི་རྨང་གཞི་ཞན་པའི་དགེ་རྒན་ལ་ཁ་གཏད་པའི་གསོ་སྦྱོང་སོགས་བྱས་པ་རེད། 

 ལོ10ཡི་རིང“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞིའི”སྐུལ་འདེད་འོག བོད་ལྗོངས་ཀྱིས“རྒྱལ་ཁབ་ཀྱི་གསོ་སྦྱོང་གཙོ་གནད་དུ་འཛིན་པ་དང་། ས་ཁུལ་དང་རྫོང་གི་དགེ་རྒན་ཡོངས་ལ་འགན་སྲུང་བྱེད་པ། སློབ་གྲྭའི་རྩ་བ་སློབ་དཔྱོད་ལ་མཐོང་ཆེན་བྱེད་པ”བཅས་བསམ་ཕྱོགས་ལྟར། “རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པ། གྲོང་ཁྱེར་དང་ས་ཁུལ་རིམ་པ། རྫོང་རིམ་པ། སློབ་གྲྭ་རིམ་པ”བཅས་ཀྱི་རིམ་པ་ལྔའི་དགེ་རྒན་གསོ་སྦྱོང་མ་ལག་བཙུགས་ཡོད། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དཔུང་ཁག་གི་སྤྱི་ཡོངས་ཀྱི་བྱང་ཚད་མངོན་གསལ་དོད་པོས་ཇེ་མཐོར་ཕྱིན་ནས་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་རྒན་གྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།