2020ལོའི་ཡར་འབྲོག་གཡུ་མཚོ་སྐོར་བའི་ལྕགས་རྟ་ཡོངས་བསྒྲགས་འགྲན་བསྡུར་བོད་ལྗོངས་ལྷོ་ཁ་ནས་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས9ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་མཛེས་སྡུག་ལྡན་པའི་ཡར་འབྲོག་གཡུ་མཚོའི་མཚོ་འགྲམ་དུ2020ལོའི་ཡར་འབྲོག་གཡུ་མཚོ་སྐོར་བའི་ལྕགས་རྟ་ཡོངས་བསྒྲགས་འགྲན་བསྡུར་འགོ་ཚུགས་ཤིང་། ཀྲུང་གོའི་ས་གནས་སོ་སོ་ནས་ཡོང་བའི་འགྲན་ཞུགས་པ85ཡིས་ཆ་སྙོམས་ས་བབ་མཐོ་ཚད་སྨི4400ཙམ་ཡོད་པའི་མཐོ་སྒང་དུ་ལམ་ཐག་ཧྲིལ་བོར་སྤྱི་ལེ207.8ཡོད་པའི་མཚོ་སྐོར་འགྲན་བསྡུར་ནང་ཞུགས་རྒྱུ་རེད། 

1599699384322942.jpg

ཡར་འབྲོག་གཡུ་མཚོ་མཛེས་ལྗོངས།

“ལྷོ་ཁའི་ལོ་རྒྱུས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པས་བོད་ལྗོངས་ཀྱི་ཡུལ་སྐོར་གྲོང་ཁྱེར་གལ་ཆེན་ཞིག་ཡིན། ཅེས་ལྷོ་ཁ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝང་ཧྭ་ཏུང་གིས་ཤིས་ཚིག་གསུང་སྐབས་བཤད་རྒྱུར། རིག་གནས་དང་། ཡུལ་སྐོར། ལུས་རྩལ་བཅས་མཉམ་འདྲེས་གཏིང་ཟབ་བྱས་པ་བརྒྱུད་ལྷོ་ཁའི་སྐད་གྲགས་དང་སྙན་གྲགས་སྔར་ལས་མཐོར་འདེགས་བཏང་སྟེ། ལྷོ་ཁས་ཡུལ་སྐོར་དེ་བོད་ལྗོངས་དང་ཐ་ན་ཀྲུང་གོ་ཡོངས་སུ་ཡུལ་སྐོར་བྱེད་པའི་ཤུགས་རྐྱེན་ཐེབས་ཚད་ཆེ་རུ་བཏང་ནས་གྲོགས་པོ་སྔར་ལས་མང་བས་ལྷོ་ཁར་རྒྱུས་ལོན་དང་། ལྷོ་ཁར་ཕྱོགས་པ། ལྷོ་ཁར་བསྐྱོད་པ་བཅས་ཀྱི་རེ་བ་ཡོད་ཟེར། 

1599699393458145.jpg

ཟླ9བའི་ཚེས9ཉིན་བཀྲ་ཤིས་ཚེ་རིང་གིས་གསུང་བཤད་གནང་བཞིན་པ།

ཇོ་མོ་གླང་མའི་རི་རྩེར་འཛེགས་པའི་བོད་ལྗོངས་ཀྱི་རི་འཛེག་ལུས་རྩལ་པ་བཀྲ་ཤིས་ཚེ་རིང་གིས་གདན་ཞུས་ལྟར་གཏམ་བཤད་སྤེལ་བ་རེད། ཁོང་གིས་མཚོ་བོད་མཐོ་སྒང་གི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་མོད། འོན་ཀྱང་ལུས་རྩལ་འགུལ་སྐྱོད་ཀྱི་བཀག་སྡོམ་ས་ཁུལ་མིན། འགྲན་ཞུགས་པས་བདེ་ཐང་ལྕགས་རྟ་བཞོན་པའི་སྤྲོ་སྣང་ལོངས་སུ་སྤྱོད་ཐུབ་པ་དང་ཐུན་མོང་མ་ཡིན་པའི་ཉམས་ལེན་ཁྲོད་མཛའ་གྲོགས་སྔར་ལས་མང་བ་ཐོབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

རྒྱུས་ལོན་པ་ལྟར་ན། དངོས་གཞིའི་འགྲན་བསྡུར་ནི་ཚེས10ནས12ཉིན་བར་ཡིན་པ་དང་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་སྨན་བཅོས་དང་། རྒྱབ་ཕྱོགས་ཞབས་འདེགས། བཟའ་བཏུང་། ཞག་སྡོད། ལྕགས་རྟ་བཞོན་པའི་སྒྲིག་ཆས་སོགས་ཀྱི་ཐད་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞིང། འགྲན་བསྡུར་མཇུག་འགྲིལ་རྗེས་འགྲན་ཞུགས་པ་ཡོངས་ཀྱིས་ད་དུང་ས་གནས་དེའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལྷོ་ཁའི་སྒོར་གཞས་དང་མེ་ཕུང་དགོང་ཚོགས་ཉམས་ལེན་བྱ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།