ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་དང་འཚམ་པའི་མཛེས་སྡུག་གྲོང་ཚོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་གི་མངོན་གསལ་དོད་པའི་ཞན་ཆ་ཁ་གསབ་བྱས་ནས། སྐྱེ་ཁམས་ལ་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཉེ་བའི་ལོ་འགའི་རིང་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་ཐོན་སྐྱེད་འཚོ་བའི་སྐྱེ་ཁམས་ལ་སྤྱི་བསྡོམས་བྱས། མཛེས་སྡུག་ལྡན་པའི་གནས་ལ་འཚམ་པའི་གྲོང་ཚོ་བསྐྲུན་རྒྱུ་དམིགས་འབེན་དུ་བྱེད་པ་དང་། གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག “གསང་སྤྱོད་གསར་བརྗེ”གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་ཇེ་ལེགས་སུ་གཏོང་བར་ཕྱོགས་ཏེ། ཕྱོགས་མང་པོའི་སྟོབས་ཤུགས་སྐུལ་སློང་དང་། ཐོན་ཁུངས་སྣ་ཚོགས་སྡེབ་སྒྲིག བྱེད་ཐབས་སོ་སོར་ཤུགས་སྣོན་བཅས་བྱས་པ་བརྒྱུད། རྣམ་གྲངས་ཀྱི་མ་དངུལ་ཇེ་མང་དུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྔོན་ལ་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་།

མིག་སྔའི་བར་དུ། ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ251(ལྷ་སའི་གྲོང་ཁྱེར་གྱི་སྡེ་ཁུལ་ཚུད་པ)བདེ་བླག་ངང་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོར་བཙུགས་པ་དང་འཛུགས་སྐྲུན་བྱེད་ཚད95.4%ཟིན། ཤང་དང་གྲོང་རྡལ64བདེ་བླག་ངང་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤང་དང་གྲོང་རྡལ་དུ་བཙུགས་པ་དང་འཛུགས་སྐྲུན་བྱེད་ཚད100%ཟིན། མལ་གྲོ་གུང་དཀར་རྫོང་དང་། འདམ་གཞུང་རྫོང་། ཁྲེང་ཀོན་ཆུས། སྟོད་ལུང་བདེ་ཆེན་ཆུས་སོགས་རྫོང(ཆུས)4བདེ་བླག་ངང་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང(ཆུས)དུ་སྐྲུན་ཡོད། འདམ་གཞུང་རྫོང་གིས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་དུ་བདེ་བླག་ངང་སྐྲུན་ཡོད་པ་རེད། 

ལྷ་ས་གྲོང་ཁྱེར་གྱི་རོང་འབྲོག་ཁུལ་གྱི“གསང་སྤྱོད་གསར་བརྗེར”བརྟན་རླིང་ངང་སྐུལ་འདེད་གཏོང་ཆེད། རོང་འབྲོག་ཁུལ་དང་འཚམ་པའི་གསང་སྤྱོད་བསྒྱུར་བཀོད་བྱེད་སྟངས་འཚོལ་ཞིབ་བྱས་ནས། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་ཆུ་ཤུར་རྫོང་གནམ་ཤང་དང་ཚྭ་རགས་ཤང་དང་འདམ་གཞུང་རྫོང་གནམ་མཚོ་ཤང་གི་ས་བབ་མཐོ་ཚད་སྨི3600ནས4500བར་གྱི་ས་ཁོངས་སུ་གཏན་འཁེལ་བྱས་པ་དང་། ཁྱིམ་ཚང4བདམས་ནས་ཚོད་ལྟའི་དཔེ་སྟོན་ལས་དོན་སྤེལ་བཞིན་ཡོད། 

གྲོང་གསེབ་ཀྱི་ཁྱིམ་སྤྱོད་གསང་སྤྱོད་བསྒྱུར་བཀོད་ལས་དོན་ཁྲོད། ལྷ་ས་གྲོང་ཁྱེར་གྱིས《གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེར”སྐུལ་འདེད་གཏོང་བའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་ཆེད་དོན་བྱ་སྤྱོད་ཇུས་གཞི》དང《ལྷ་ས་གྲོང་ཁྱེར་གྱི་2019ལོའི་ལོ་འཁོར་གྱི“གསང་སྤྱོད་གསར་བརྗེ”གྲོང་ཚོ་ཧྲིལ་བོར་སྐུལ་འདེད་གཏོང་བའི་ནོར་སྲིད་མ་དངུལ་གྱི་བྱ་དགའི་ཁ་གསབ་ལག་བསྟར་ཇུས་གཞི》བཟོས་ནས་ཡུལ་བབ་དང་བསྟུན་པའི་སྒོ་ནས་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེར”སྐུལ་འདེད་བཏང་བ་རེད། 

རྒྱུས་ལོན་ལྟར་ན། 2020ལོར་ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་ཕན་འབྲས་སྔར་ལས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་སྲོལ་དམངས་ཆིངས་ཀྱི་ཚོད་འཛིན་ནུས་པ་འདོན་སྤེལ་བྱས་ཏེ། རོང་འབྲོག་མང་ཚོགས་ཐེ་ཞུགས་བྱེད་པའི་སྐུལ་ལྕག་བྱ་ཐབས་འཚོལ་ཞིབ་དང་གཏན་འབེབས་བྱས་ནས། རོང་འབྲོག་མང་ཚོགས་ཀྱིས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་པའི་ཁྲོད་ཀྱི་གཙོ་རྐང་ནུས་བ་འདོན་སྤེལ་བྱས། སྔོན་ལ་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོ(གྲོང་ལྷན)38ལ་སྤྱི་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་དོན་སྤེལ་རྒྱུ་རེད། གྲོང་ཚོ་ཧྲིལ་བོར་མི་སྡོད་ཁོར་ཡུག་གི་དཔེ་སྟོན་ས་ཚིགས་སྐོར་ཞིག་གཏོད་པར་ཤུགས་བསྣན་ནས། མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཐབས་ལམ་མང་པོར་བརྟེན་ནས་མིའི་འཚོ་གནས་ཁོར་ཡུག་འཛུགས་སྐྲུན་བྱེད་པའི་མ་དངུལ་གྲབས་གསོག་བྱས། ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོས“སྲིད་གཞུང་གིས་མ་དངུལ60%བཏང་བ་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་མ་དངུལ་གྲབས་གསོག20%། རོང་འབྲོག་པས་མ་དངུལ20%བཏང་བ”བཅས་ཀྱི་བྱེད་ཐབས་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ནས་རོང་འབྲོག་མང་ཚོགས་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པར་ཁྲིད་སྟོན་བྱས། ཞང་དང་གྲོང་རྡལ་གྱི་འཆར་འགོད་དང་། གྲོང་ཚོའི་འཆར་འགོད་བཟོ་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་མ་ལག་འཐུས་ཚང་བཙུགས་ཏེ། འཆར་འགོད་ལ་བརྟེན་ནས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱ་བར་སྣེ་ཁྲིད་བཅས་བྱས་པ་བརྒྱུད། ལས་གཞིའི་སྤུས་ཚད་དང་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་ཕན་འབྲས་ཐོན་པ་དང་མང་ཚོགས་ལ་ཕན་པ་ཐོབ་པར་ཁག་ཐེག་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།