ལྷ་ས་གྲོ​ང་ཁྱེར་གྱི་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་བརྒྱུད་རིམ་ཆ་ཚང་དྲ་ཐོག་ནས་གཉེར་ཐུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚོགས་འགན་བཅོལ་ལས་སྒོ་གཉེར་བའི་བརྒྱུད་རིམ་ལེགས་སུ་བཏང་ནས་འགན་བཅོལ་ནང་ཞུགས་པའི་རྒྱ་ཆེའི་མང་ཚོགས་དང་ཚན་པར་ཞབས་འདེགས་སྔར་བས་ལེགས་པ་ཞུ་ཆེད།  ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་ལྟེ་གནས་ཀྱིས་སྤྱི་ཚོགས་འགན་བཅོལ་དྲ་ཐོག་ནས་རང་བརྟེན་ངང་གཉེར་བའི་ཞབས་ཞུ་ཕྱོགས་ཡོངས་ནས་ཁྱབ་པར་བྱས་ཡོད།

ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་སྤྱི་ཚོགས་འགན་སྲུང་ལྟེ་གནས་ཀྱི་འགན་འཁུར་མི་སྣས་གསུངས་དོན།  ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་བཅོལ་དྲ་ཐོག་ནས་རེ་ཞུ་བྱེད་པའི་ཞབས་ཞུའི་ལས་སྟེགས་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་།  འགན་བཅོལ་ནང་ཞུགས་མཁན་ཚན་པས་དྲ་སྦྲེལ་དངCAཟུང་དུ་འབྲེལ་བའི་ཁས་ལེན་དཔང་འདོན་བྱ་ཐབས་བརྒྱུད།  དྲ་ཐོག་རེ་ཞུ་ཞབས་ཞུའི་ཚོམས་ཆེན་ནང་འཛུལ་ནས་མི་སྣ་འཕར་ཆག་གི་བསྒྱུར་བ་དང་།  རེ་ཞུ་ཞིབ་བཤེར་གཏན་འབེབས།  འཚོལ་བསྡུ་ཐོ་རྒྱག  འགན་སྲུང་ནང་ཞུགས་པའི་ར་སྤྲོད་ཡི་གེའི་པར་སློག  ཆ་འཕྲིན་འཚོལ་བ་སོགས་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་ལས་སྒོ་གཉེར་ཐུབ་ཀྱི་ཡོད།  ལྟེ་གནས་ཀྱིས་དྲ་ཐོག་རེ་ཞུ་ཞབས་ཞུའི་ལས་སྟེགས་ཀྱི་གྲངས་འཛིན་ལག་ཁྱེར་གྱི་གྲོན་དངུལ་དང་ཞབས་ཞུའི་གྲོན་དངུལ་སོགས་སྒོར་ཁྲི ༡༡༠ ཚང་མ་གྲོང་ཁྱེར་གྱི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས།  ཁེ་ལས་ཀྱི་བེད་སྤྱོད་དང་ཞབས་ཞུའི་གྲོན་དངུལ་མི་བསྡུ་བ་དང་དུས་མཚུངས།  མཉེན་ཆས་ཀུང་སི་དང་འབྲེལ་གཏུག་བྱས་ནས་བཟོ་བཀོད་པ་དྲ་ཐོག་རེ་ཞུ་ལས་སྟེགས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པར་མངགས་ཏེ་དྲ་ཐོག་རེ་ཞུ་ཞབས་ཞུའི་ལས་སྟེགས་བེད་སྤྱོད་བདེ་བླག་དང་།  ནུས་པ་ཆེ་བ།  སྟབས་བདེ་བ་བཅས་ཡོང་བ་བྱས་ནས་གྲངས་གཞི་མང་ཙམ་སྤྱོད་པ་དང་མང་ཚོགས་ཉུང་ཙམ་སྐྱོད་པ་དངོས་འབྲེལ་ཐུབ་པར་བྱས་ཡོད་ཅེས་གསུངས།

ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ཚོགས་འགན་སྲུང་ལྟེ་གནས་ཀྱིས་མུ་མཐུད་ནས་དྲ་ཐོག་རེ་ཞུ་ཞབས་ཞུའི་ལས་སྟེགས་སྔར་བས་ལེགས་སུ་བཏང་སྟེ།  དྲ་ཐོག་ནས་མང་ཚོགས་ལ་སྟབས་བདེ་དང་ཕན་པ་སྐྲུན་པའི་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་དང་སྒྲུབ་གཉེར་གྱི་ལས་ཕྱོད་མཐོ་རུ་བཏང་སྟེ།  ལས་སྒྲུབ་མི་སྣར་དེ་བས་ནུས་ཆེ་སྟབས་བདེ་དང་སྤུས་ལེགས་ཆ་ཚང་གི་སྤྱི་ཚོགས་འགན་བཅོལ་གྱི་ཞབས་འདེགས་ཞུ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།