གཞིས་ཀ་རྩེ་གྲོང་ཁྱེར་གྱིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར”གྱི་མིང་བཏགས་སྒོ་བྱང་གནང་བའི་མཛད་སྒོ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས6ཉིན་གྱི་ཕྱི་དྲོར། གཞིས་རྩེ་གྲོང་ཁྱེར་གྱིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར”གྱི་མིང་བཏགས་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ་རེད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་ཡུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་། བོད་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་ཡང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད། 

གྲོས་ཚོགས་སྟེང་བསྟན་དོན། རྒྱལ་ཡོངས་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པའི་གལ་ཆེ་བའི་དུས་སྐབས་སུ། གཞིས་རྩེ་གྲོང་ཁྱེར་ལ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། འདིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་ཆུ་ཚད་གསར་བ་ཞིག་ཏུ་ཇེ་མཐོར་གཏོང་བར་དོན་སྙིང་གལ་ཆེན་ལྡན་ལ། གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སླར་ཡང་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། 

གྲོས་ཚོགས་ལས་རིམ་པ་སོ་སོ་དང་སྡེ་ཚན་སོ་སོས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་ལས་བརྟན་པོར་བཅང་ཏེ། མི་རིགས་སོ་སོར་ཐུན་མོང་དུ་དབང་བའི་བསམ་པའི་ཁྱིམ་གཞིས་སྔར་ལས་འབུར་ཐོན་ཡོང་བ་དང་། འབྲེལ་འདྲིས་རྒྱ་ཁྱབ་དང་། ཁྱོན་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་སྔར་ལས་འབུར་དུ་ཐོན་པ་བྱ་རྒྱུ། མི་རིགས་སོ་སོ་ཐུན་མོང་ངང་དེང་རབས་ཅན་མངོན་གྱུར་བྱ་རྒྱུ་སྔར་ལས་འབུར་ཐོན་ཡོང་བ་བྱས་ཏེ། མི་རིགས་ལས་དོན་གྱི་བཅོས་སྐྱོང་ནུས་བ་དང་ཆུ་ཚད་སྔར་ལས་མངོན་གསལ་དུ་བཏང་སྟེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་གཞིས་ཀ་རྩེའི་ལེའུ་གསར་བ་ནུས་ཤུགས་ཡོད་རྒུས་འགོ་རྩོམ་དགོས་པའི་བླང་བྱ་བཏོན། ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།