བོད་རང་སྐྱོང་ལྗོངས་ཀྱི་གློག་རྡུལ་རྩལ་འགྲན་ལུས་རྩལ་མཐུན་ཚོགས་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས7ཉིན་བོད་རང་སྐྱོང་ལྗོངས་གློག་རྡུལ་རྩལ་འགྲན་མཐུན་ཚོགས་ལྷ་སར་བཙུགས་པ་རེད། མཐུན་ཚོགས་དེ་ནི་བོད་རང་སྐྱོང་ལྗོངས་གློག་རྡུལ་རྩལ་འགྲན་ལུས་རྩལ་ལ་དགའ་མཁན་དང་འབྲེལ་ཡོད་ཁེ་ལས་དང་ལས་དོན་ལས་ཁུངས་ལས་གྲུབ་པའི་རིག་གཞུང་རང་བཞིན་དང་ཆེད་ལས་རང་བཞིན་གྱི་ས་གནས་ཀྱི་ཁེ་གཉེར་རང་བཞིན་མ་ཡིན་པའི་སྤྱི་ཚོགས་རྩ་འཛུགས་ཤིག་རེད། 

ཚོགས་ཆེན་སྟེང《བོད་རང་སྐྱོང་ལྗོངས་གློག་རྡུལ་རྩལ་འགྲན་ལུས་རྩལ་མཐུན་ཚོགས་ཀྱི་སྒྲིག་ཡིག》ལ་གྲོས་འཆམ་བྱུང་བ་དང་། སྐབས་དང་པོའི་ལས་འཛིན་ལྷན་ཚོགས་བདམས་ཐོན་བྱུང་བ་དང་བོད་ཀྱི་མཉམ་ཤུགས་མཉམ་གཏོད་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལིའུ་ཞའོ་ལུང་གིས་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས། 

ཉེ་བའི་ལོ་འགའི་རིང་ཚན་རིག་ལག་རྩལ་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་གློག་རྡུལ་རྩལ་འགྲན་དེ་ན་གཞོན་ཚོས་དགའ་ཕྱོགས་སུ་གྱུར་ཡོད། ལིའུ་ཞའོ་ལུང་གིས་ཚོགས་འདུའི་ཐོག་བཤད་རྒྱུར། འབྱུང་འགྱུར་མཐུན་ཚོགས་ཀྱིས་གློག་རྡུལ་རྩལ་འགྲན་རྣམ་གྲངས་དོ་དམ་ལམ་སྲོལ་ནུས་ལྡན་འཛུགས་རྒྱུ་དང་འཐུས་ཚང་དུ་བཏང་ནས་འགྲན་བསྡུར་རྩ་འཛུགས་ཚད་ལྡན་དུ་གཏོང་རྒྱུ་དང་། དྲ་བའི་རོལ་རྩེད་ཚུད་པའི་གློག་རྡུལ་རྩལ་འགྲན་ལུས་རྩལ་ཐོན་ལས་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཀྱི་ཚོགས་པའི་བྱ་འགུལ་ལ་སྐུལ་འདེད་གཏོང་བ་དང་འབྲེལ་གཞོན་ནུ་རྣམས་བདེ་ཐང་ཅན་གྱི་གློག་རྡུལ་འགྲན་བསྡུར་ཁྲོད་ཞུགས་པར་རོགས་སྐྱོར་བྱ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།