བོད་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་ཀྱི་ལས་བྱེད་པའི་དམངས་དོན་ཁྲིམས་གཞུང་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྷག་པར་དུ“དམངས་དོན་ཁྲིམས་གཞུང”གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ས་གནས་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱིས“དམངས་དོན་ཁྲིམས་གཞུང”སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་གཏིང་ཟབ་བྱེད་པའི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱ་ཆེད། ཚེས7ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་ལས་བྱེད་པའི་དམངས་དོན་ཁྲིམས་གཞུང་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ལྷ་ས་གྲོང་ཁྱེར་དུ་སློབ་འགོ་ཚུགས་པ་རེད། 

བོད་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཅུན་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 

 གསོ་སྦྱོང་ལས་ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་འཐུས་ཚོགས་ཀྱིས་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ལྷོད་མེད་བྱས་ཏེ་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཁྱབ་གདལ་གཏོང་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བྱ་རྒྱུ་དང་། སྤྱི་ཚོགས་ཡོངས་སུ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་སྐྲུན་པ། མི་དམངས་འཐུས་ཚོགས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དམངས་དོན་ཁྲིམས་གཞུང་ལག་བསྟར་དངོས་འབེབས་བྱ་རྒྱུར་གྲ་སྒྲིག་ཡག་པོ་བྱེད་དགོས་པ། སྤྱི་ཚོགས་ཡོངས་ཐུན་མོང་ངང་ཞུགས་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། དམངས་དོན་ཁྲིམས་གཞུང་ལག་བསྟར་ནུས་ལྡན་ཡོང་བར་འགན་སྲུང་ཏན་ཏིག་བྱ་རྒྱུ། དམངས་དོན་ཁྲིམས་གཞུང་གི་ཁྲིམས་བཟང་དགེ་མཚན་དེ་ཁྲིམས་ལྟར་བོད་སྐྱོང་གི་ཕན་ནུས་དངོས་ལ་བསྒྱུར་ནས་མི་དམངས་ཀྱི་ཁེ་དབང་འགན་སྲུང་སྔར་ལས་ལེགས་པ་བྱ་རྒྱུ་དང་། ལྗོངས་ཡོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་བ་དེང་རབས་ཅན་དུ་འགྱུར་བར་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱས་ནས་དུས་རབས་གསར་བའི་བོད་ལྗོངས་ཡུན་རིང་བདེ་བཀོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། 

རྒྱུས་ལོན་པ་ལྟར་ན། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ནས་ཡོང་བའི་དམངས་འཐུས་ཚོགས་ཆེན་གྱི་ལས་བྱེད་པ་སྐོར་ཞིག་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་དེ་མིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་བཅའ་ཁྲིམས》རྩོམ་སྒྲིག་བྱས་པའི་བརྒྱུད་རིམ་དང་། མ་ལག དོན་སྙིང་གལ་ཆེན་སོགས་ཀྱི་ནང་དོན་ལ་དམིགས་ནས་དུས་ཡུན་ཉིན་དྲུག་གི་སློབ་སྦྱོང་གསོ་སྦྱོང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།