ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང“ཆེན་པོ་དྲུག”གི་བཀོད་སྒྲིག་ཚོགས་འདུའི་ཐོག་ནས་རྒྱུས་ལོན་པ་ལྟར་ན། ལྷོ་ཁ་གྲོང་ཁྱེར་གྱིས་འགན་འཁྲིའི་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་ཞིང་། “ཆེན་པོ་དྲུག”གི་ཆེད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་བྱས།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཆེད་དོན་བཅོས་སྒྲིག་བྱ་བར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། དམིགས་ཡུལ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུ་དེ་ཡིན། འགན་འཁྲིའི་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བའི་ཐད་ཤུགས་སྣོན་པར་རྒྱུན་འཁྱོངས་བྱས་ཏེ། ཆེད་བསྐོས་མི་སྣ་དང་ཆེད་དོན་འཛིན་གྲྭ་བཙུགས་པ་དང་། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ“ཆེན་པོ་དྲུག”གི་ཆེད་དོན་བཅོས་སྒྲིག་ལ་ཐུན་མོང་གིས་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་པར་བྱས། ཁ་གཏད་རང་བཞིན་གྱི་ཇུས་གཞི་བཟོ་བའི་ཐད་ཤུགས་བསྣན་ནས་དམིགས་ཡུལ་ཡོད་པའི་སྒོ་ནས“ཆེན་པོ་དྲུག”གི་ཆེད་དོན་བཅོས་སྒྲིག་ཐད་ལྷག་པའི་གནད་དོན་ལ་ཇུས་གཞི་ཞིབ་ཕྲ་བཟོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། རྨང་གཞི་གསལ་རྟོགས་ནན་ཏན་དང་ཞིབ་ཐོ་བཀོད་དེ། ཞིབ་ཕྲའི་གནད་དོན་ལ་དམིགས་ཏེ་རེ་རེ་བཞིན་བཅོས་སྒྲིག་བྱས། དུས་ཐོག་ཏུ་གད་སྙིགས་གཙང་སེལ་བྱེད་པ་སོགས་ཀྱི་ཕྱོགས་ནས་དུས་རབས་གསར་བའི་གྲོང་གསེབ་མཛེས་སྡུག་ལྡན་པ་ཡོང་བར་བྱས། རྟོག་ཞིབ་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། ཆེད་དོན་བཅོས་སྒྲིག་བྱ་སྤྱོད་གཟའ་འཁོར་རེར་ཚགས་པར་རེ་སྤེལ་བ་དང་། ཟླ་རེར་ཕན་ཚུན་དཔྱད་བསྡུར་བྱེད་པ། དུས་ཚིགས་རེའི་ཡུལ་དངོས་ཀྱི་བཀོད་གཏོང་བཅས་བྱས་ཏེ། ཆེད་བསྐོས་མི་སྣ་དང་ཆེད་མངགས་འཛིན་གྲྭ་རྩ་འཛུགས་བྱས་ནས་རྫོང(ཆུས)སོ་སོར་བསྐྱོད་དེ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱས་ཚུལ་དུས་ཐོག་ཏུ་སྤྱི་བསྒྲགས་བྱེད་པ་དང་། རྫོང(ཆུས)སོ་སོས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བར་ལྟ་སྐུལ་བྱས་ཏེ་སུས་སྣེ་ཁྲིད་བྱས་ན་དེས་འགན་འཁུར་པ་དང་། སུས་དོ་དམ་བྱས་ན་དེས་འགན་འཁུར་རྒྱུ་དང་། སུས་དམ་འཛིན་བྱས་ན་དེས་འགན་འཁུར་རྒྱུ་དངོས་འབེབས་བྱས་ཏེ། ཆེད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་རྒྱུ་དང་། “ཆེན་པོ་དྲུག”གི་ཆེད་དོན་བཅོས་སྒྲིག་དེ་རྒྱུན་གཏན་ཅན་གྱི་ལས་དོན་ལ་བརྩིས་ཏེ། སྡེ་ཚན་གྱི་དབྱེ་མཚམས་དང་ས་ཁོངས་ཀྱི་དབྱེ་མཚམས་མེད་པར་བཟོས་ནས་ཆེད་དོན་བཅོས་སྒྲིག་ལ་ཕན་འབྲས་ཐོབ་པར་ཁག་ཐེག་བྱས་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བར་ཤུགས་སྣོན་བྱས།