བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་སྤྱི་ཕན་དགེ་སྒྲུབ་རྣམ་གྲངས་ཀྱི་ཞལ་འདེབས་ཚོགས་འདུ་ལྷ་ས་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས5ཉིན་ནི་རང་རྒྱལ་གྱི“ཀྲུང་ཧྭའི་དགེ་སྒྲུབ་ཉིན་མོ”ཐེངས་ལྔ་བ་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་དབུལ་སྐྱོར་དཀའ་སེལ་གྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་སྔར་ལས་ལྷག་པ་གཏོང་བ་དང་། “མི་རྩ་བར་འཛིན་པ་དང་། དགེ་སྒྲུབ་སེམས་ལ་བཅངས་བའི”སྤྱི་ཚོགས་ཀྱི་རོགས་རམ་སྙིང་སྟོབས་དར་སྤེལ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་དགེ་སྒྲུབ་འདུ་ཤེས་ཇེ་ཟབ་ཏུ་གཏོང་ཆེད། ཚེས5ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་ལྷ་ས་རུ་སྤྱི་ཕན་དགེ་སྒྲུབ་རྣམ་གྲངས་ཀྱི་གྲབས་གསོག་ཚོགས་འདུ་འཚོགས་ནས། གཅེས་སེམས་ཁེ་ལས50ལྷག་ཚོགས་འདུར་ཞུགས་པ་དང་། ཁེ་ལས17གྱིས“གྲོང་གསེབ་དར་རྒྱས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པར་རོགས་རམ་བྱེད་པ”དང་། “རྒན་པར་བསྙེན་བཀུར་ཡག་པོ་བྱེད་པའི་བྱ་སྤྱོད”སོགས་དགེ་སྒྲུབ་རྣམ་གྲངས4དང་འབྲེལ་བ་ཡོད་པའི་དཀའ་ངལ་ལྡན་པའི་མང་ཚོགས་ལ་ཞལ་འདེབས་མ་དངུལ་སྒོར་ཁྲི259.2གྲབས་གསོག་བྱས་པ་རེད། 

བོད་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། “ང་ཚོས‘དམངས་གཙོ་དང་། ཡོངས་བསྒྲགས། དྲང་གཞག ཚད་ལྡན’བཅས་ཀྱི་རྩ་དོན་མུ་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞིང་། དགེ་སྒྲུབ་བྱ་བའི་ཐབས་ལམ་གསར་བ་དང་བྱེད་ཐབས་གསར་བ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ། དགེ་སྒྲུབ་བྱ་འགུལ་གྱི་རྣམ་པ་དང་བྱེད་ཐབས་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྤྱི་ཚོགས་ལས་རིགས་སོ་སོའི་གཅེས་སེམས་ཞལ་འདེབས་ལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་པ་བརྒྱུད། སྤྱི་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་ནས་དགེ་སྒྲུབ་ལས་དོན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཇེ་མཐོར་བཏང་སྟེ། ཞལ་འདེབས་སུ་ཕུལ་བའི་མ་དངུལ་དང་དངོས་པོ་རྣམས་དགོས་མཁོ་ཆེ་བ་དང་དཀའ་ངལ་ཆེ་བའི་རོགས་སྐྱོར་བྱ་ཡུལ་ཐད་ལ་བཀོལ་སྤྱོད་བྱ་རྒྱུ་ཡིན་ཟེར། 

རྒྱུས་ལོན་པ་ལྟར་ན། 2019ལོའི་ལོ་མཇུག་བར་དུ། བོད་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་བསྡོམས་པས་ཞལ་འདེབས་མ་དངུལ་སྒོར་དུང་ཕྱུར་གཉིས་ཙམ་དང་ལེན་བྱས་ཤིང་། དཀའ་ངལ་ཡོད་པའི་མང་ཚོགས་ཁྲི་ཕྲག་མང་པོ་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།