ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྐབས་དྲུག་པའི་བོད་སྨན་འཐུ་བ་དང་སྨན་སྣ་ངོས་འཛིན་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་སྔར་ལས་ལེགས་པའི་སྒོ་ནས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཏེ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཆེད་ལས་ཤེས་ལྡན་མི་སྣ་སྔར་ལས་མང་བ་གསོ་སྐྱོང་བྱ་ཆེད། ཁྲེང་ཀོན་ཆུས་ཀྱི་སྐབས་དྲུག་པའི་དབྱར་དུས་སྨན་འཐུ་བ་དང་སྨན་སྣ་ངོས་འཛིན་བྱེད་པའི་སྤྱི་ཚོགས་ལག་ལེན་བྱ་འགུལ་དེ་ཉིན6རིང་གི་སྨན་འཐུ་བ་དང་། སྨན་སྣ་ངོས་འཛིན། ཡིག་རྒྱུགས་དཔྱད་ཞིབ། དེ་མིན་ཡུལ་དངོས་སུ་་རྩོད་ལན་བཏབ་རྗེས་བདེ་བླག་ངང་མཇུག་འགྲིལ། ཐེངས་འདིའི་བོད་སྨན་གྱི་སྨན་འཐུ་བ་དང་སྨན་སྣ་ངོས་འཛིན་བྱ་འགུལ་ཁྲོད་བསྡོམས་པས་བོད་སྨན་གྱི་སྨན་རྒྱུ་རྩ་ཆེན120ལྷག་ཙམ་དབྱེ་འབྱེད་བྱས་ཡོད།

བོད་ལུགས་གསོ་རིག་གིས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པར་མཐོང་ཆེན་བྱས་ཡོད་དེ། སྨན་གཞུང་བློར་འཛིན་དགོས་པ་ལས་གཞན་བོད་སྨན་ངོས་འཛིན་དང་འཚོལ་བསྡུ་བྱ་རྒྱུ་ནི་སྔར་ནས་ད་ལྟའི་བར་གྱི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་རེད། “སྔོན་དུས་ཀྱི་སྨན་འཐུ་བར་ཁྲེང་ཀོན་ཆུས་ཀྱི་གཞི་རིམ་སྨན་བཅོས་ལས་ཁུངས15ནས་ཡོང་བའི་བོད་ལུགས་གསོ་རིག་གི་སྨན་དོན་མི་སྣ29ཀོང་པོ་རྒྱ་མདའ་དང་། ཀླུ་ནང་རོང་། སྨན་གླིང་སོགས་སུ་བསྐྱོད་དེ་ཡུལ་དངོས་སུ་སྨན་འཐུ་བ་དང་འབྲེལ་ཆེད་ལས་དགེ་རྒན་གྱི་མཛུབ་ཁྲིད་འོག་སྨན་སྣ་ངོས་འཛིན་བྱས། དེའི་དམིགས་ཡུལ་ནི་ཁྲེང་ཀོན་ཆུས་ཀྱི་གཞི་རིམ་བོད་ལུགས་གསོ་རིག་སྨན་དོན་མི་སྣའི་ལག་རྩལ་དང་ཕྱོགས་བསྡུས་ནུས་པ་སྔར་བས་ཇེ་ཆེར་བཏང་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་སྔར་ལས་ཡག་པོ་ཞུ་ཆེད་ཡིན། ཞེས་ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་བསྟན་འཛིན་གྱིས་དེ་ལྟར་བཤད།  

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བོད་སྨན་འཐུ་བ་དང་སྨན་སྣ་ངོས་འཛིན་གྱི་བྱ་འགུལ་དེ་སྔོན་ཆད་དང་མི་འདྲ་བར། ཐེངས་འདིའི་བྱ་འགུལ་སྐབས་སུ། སློབ་མ་རྣམས་རྒྱུགས་ལེན་དཔྱད་ཞིབ་མི་འདྲ་བ་གསུམ(སྨན་སྣ་ངོས་འཛིན་དང་བོད་སྨན་གྱི་རིགས་པའི་གཞུང་ལུགས། རྣམ་བཤད་བགྲོ་གླེང)དུ་ཞུགས་དགོས། དེའི་ཁྲོད་བོད་སྨན་སྨན་ལུགས་ཆ་ཤས་ཀྱི་རྒྱུགས་ལེན་པར་སློབ་མ་རྣམས་ཀྱིས་ཕྱི་རོལ་དུ་སྨན་འཐུ་བ་དང་སྨན་སྣ་ངོས་འཛིན་གྱི་ལག་ལེན་གྱི་རྨང་གཞིའི་སྟེང་། གཞུང་ལུགས་ཤེས་བྱའི་ངོས་འཛིན་སྔར་ལས་ཇེ་མཐོར་བཏང་སྟེ། “ཤེས་བྱ་རྙིང་བ་བསྐྱར་སྦྱོང་བྱས་ན་ཤེས་བྱ་གསར་བ་ཤེས”པའི་ཕན་ནུས་བཏོན་ཐུབ་པ་མ་ཟད། བོད་ལུགས་གསོ་རིག་དང་བོད་སྨན་ལ་དམིགས་བསལ་དུ་ཡོད་པའི་གཞུང་ལུགས་དང་ལག་ལེན་གྱི་བླང་བྱ་བརྩི་སྲུང་བྱས་ནས་སྨན་རྩྭ་དུས་ཐོག་དང་ཡུལ་དངོས་སུ་འཚོལ་བསྡུ་བྱ་རྒྱུ་དང་། ཚད་ལྡན་གྱི་སྒོ་ནས་སྨན་སྦྱོར་དང་ལས་སྣོན་བྱས་ཏེ། ནད་ཐོག་སྨན་བཅོས་ཁྲོད་ལུགས་མཐུན་གྱིས་བཀོལ་སྤྱོད་བྱས་པ་བརྒྱུད། སྨན་དོན་མི་སྣས་རྗེས་ཕྱོགས་ཀྱི་བྱ་བའི་ལས་གནས་ཐོག་བོད་སྨན་རིག་པའི་ཞབས་ཞུ་སྔར་ལས་ཡག་པོ་སྒྲུབ་པར་སྐུལ་འདེད་བཏང་སྟེ། བོད་ལུགས་གསོ་རིག་དང་བོད་སྨན་གོང་འཕེལ་གཏོང་བར་རྨང་གཞི་བཟང་པོ་ཞིག་གཏོང་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།