མངའ་རིས་དང་བོད་དབུས་ཀྱི་གློག་དྲ་སྦྲེལ་བའི་ལས་གྲྭ་གློག་ཤུགས་སྒྲིག་ཆས་སྙོམས་སྒྲིག་གི་དུས་མཚམས་སུ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མངའ་རིས་དང་བོད་དབུས་ཀྱི་གློག་དྲ་སྦྲེལ་བའི་ལས་གཞིའི་ཆན་ཧྥུ500ཟིན་པའི་སྐྱིད་གྲོང་གློག་སྒྱུར་ས་ཚིགས་སུ་གློག་གཏོང་འགོ་ཚུགས་པ་དང་བསྟུན་ནས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚན་རིག་ཁང་གིས་མངའ་རིས་དང་བོད་དབུས་ཀྱི་གློག་དྲ་སྦྲེལ་བའི་ལས་གཞིའི་གློག་གནོན་སྒྱུར་ཆས་ཀྱི་ཚོར་ཤེས་གནོན་ཐེག་གློག་སྐུད་ཀྱི་ཆ་ཤས་ལ་གློག་གཏོང་བའི་ཚོད་ལྟ་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དེ་ཐོག་ནས་མངའ་རིས་དང་བོད་དབུས་ཀྱི་གློག་དྲ་སྦྲེལ་བའི་ལས་གཞིའི་གློག་སྒྱུར་ས་ཚིགས6ཚང་མ་གློག་ཤུགས་སྒྲིག་ཆས་སྙོམས་སྒྲིག་དུས་མཚམས་ལ་སླེབས་ཏེ་ཕྱིས་སུ་གློག་ཤུགས་སྒྲིག་ཆས་རྩིས་ལེན་དང་ལས་གཞི་ཕྱོགས་ཡོངས་ནས་འཁོར་རྒྱུག་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་བ་མཚོན་ཡོད།

གཞིས་ཀ་རྩེ་དང་མངའ་རིས་ས་ཆ་གཉིས་བརྒྱུད་པའི་ལས་གཞི་དེ་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྗེས་མངའ་རིས་གློག་དྲ་ཁེར་རྐྱང་འཁོར་རྒྱུག་དང་མངའ་རིས་ས་ཁུལ་དུ་ཡུན་རིང་གློག་དཀོན་པའི་གནད་དོན་ཐག་གཅོད་ཐུབ་ལ། འབྲོང་པ་དང་ས་དགའ། སྐྱིད་གྲོང་། གཉའ་ནང་། སྤུ་ཧྲེང་། སྒེར་རྩེ། མཚོ་ཆེན་བཅས་རྫོང་བདུན་གྱིས་བདེ་འཇགས་ལྡན་པའི་གློག་དྲ་ཆེན་པོའི་གློག་སྤྱོད་ཐུབ་རྒྱུ་རེད། ཟླ8པའི་ཚེས23ཉིན་བར་ལས་གཞིའི་སྤྱི་ཡོངས་ཀྱི་ཕྱི་ངོས་འཛུགས་སྐྲུན་བྱེད་ཚད97.23%ཟིན་པ་དང་མིག་སྔར་མཐའ་མའི་ལྷུ་ལག་སྒྲིག་སྦྱོར་དང་འཕྲིན་གཏོང་འོད་སྐུད་འཐེན་པ་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་ལ། གློག་སྒྱུར་ལས་བཟོ་བས་སྒྲིག་ཆས་སྒྲིག་སྦྱོར་དང་སྙོམས་སྒྲིག་གི་ལས་དོན་ཡང་སྒྲུབ་བཞིན་པའི་སྒང་ཡིན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།