བོད་ལྗོངས་སུ་རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས185ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ9བའི་ཚེས1ཉིན་ལྷ་ས་ནས་སྤེལ་བའི་བོད་ལྗོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱ་འགུལ་སྟེང་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ཀྱིས་འཛད་སྤྱོད་དབུལ་སྐྱོར་ལས་དོན་བཀོད་སྒྲིག་བྱས་པ་ནས་བཟུང་། བོད་ལྗོངས་ཀྱིས་རྒྱུན་མཐུད་ངང་ཐོན་ལས་དབུལ་སྐྱོར་དང་། དྲ་རྒྱའི་དབུལ་སྐྱོར། གློག་རྡུལ་ཚོང་དོན་དབུལ་སྐྱོར་བཅས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས185གཏན་ཁེལ་དང་སྙན་ཞུ་ཕུལ་བ་དང་། བསྡོམས་པས་སྒོར་དུང་ཕྱུར1.05ཉོ་ཚོང་བྱས་ལ། འཛད་སྤྱོད་དབུལ་སྐྱོར་བྱ་བར་ཉིན་རེ་བཞིན་ཕན་འབྲས་ཐོབ་བཞིན་ཡོད། 

མིག་སྔར་བོད་ལྗོངས་ཀྱི་ས་གནས་སོ་སོས་སྐྱེད་སྲིང་བྱས་པའི་དབུལ་སྐྱོར་ཐོན་ལས་ཐོན་འབབ་ལེགས་པའི་དུས་སུ་སླེབས་ཡོད། ཡིན་ཡང་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ནང་ལྷོ་ཁ་གྲོང་ཁྱེར་གྱི་བོད་སྨན་སྨན་རྒྱུ་དང་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་བྲ་བོ་འབྲས་སོགས་རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་བཙོང་མི་ཐུབ་པའི་ཉེན་ཁ་ཆེ་རུ་ཕྱིན་ཡོད། དེར་དམིགས་ནས་བོད་ལྗོངས་ཀྱི་ས་གནས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཛད་སྤྱོད་དབུལ་སྐྱོར་བྱེད་སྟངས་མི་འདྲ་བ་བཏོན། ལྷ་ས་གྲོང་ཁྱེར་གྱིས་ཐོན་རྫས་ཀྱི་ཚད་གཞིའི་མ་ལག་འཛུགས་སྐྲུན་ལ་དམ་འཛིན་ཧུར་ཐག་བྱས་པས་གློག་རྡུལ་ཚོང་དོན་ཞབས་ཞུའི་མ་ལག་རགས་ཙམ་ཆགས། ད་བར་རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི7000ལྷག་ཟིན་པ་དང་དབུལ་སྐྱོར་ཐོན་རྫས71རྒྱལ་ཡོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་ཀྱི་མིང་ཐོ་ནང་ཚུད་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་སྡེ་ཚན་སོ་སོ་དང་ཚོང་འགུགས་དངུལ་འདྲེན་ཁེ་ལས་རྩ་འཛུགས་བྱས་ནས་དབུལ་སྐྱོར་ཐོན་རྫས་ཉོ་སྒྲུབ་བྱས། བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཁེ་ལས་བཅས་དང་ཁ་གཏད་རོགས་སྐྱོར་རྫོང(ཆུས)བར་ཡུན་རིང་བརྟན་བརླིང་གི་དབུལ་སྐྱོར་ཐོན་རྫས་ཕྱིར་ཚོང་འབྲེལ་བ་བཙུགས་ནས། ད་ལོའི་ཟླ1པོ་ནས་ཟླ8པའི་བར་གྲོང་ཁྱེར་ཡོངས་ཀྱིས་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་ས་གནས་དེའི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་ཉོ་བའི་དངུལ་འབོར་སྒོར་ཁྲི1400ལྷག་ལ་སླེབས་ཡོད།

རྗེས་མར་བོད་ལྗོངས་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱ་འགུལ་གྱིས་འཛད་སྤྱོད་དབུལ་སྐྱོར་ཆེན་དམིགས་འགྲེམ་སྟོན་ཁང་དང་། ཆེད་དམིགས་ས་ཁུལ། ཆེད་ཚོང་ཁང་། ཆེད་དམིགས་རླངས་འཁོར་བཅས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། དབུལ་སྐྱོར་ཐོན་རྫས་ལས་ཁུངས་དང་། སློབ་གྲྭ། ལྗོངས་རྒྱུ་ཁུལ། སྡེ་ཁུལ། གནམ་གྲུ་ཐང་། རླངས་འཁོར་ས་ཚུགས་བཅས་སུ་བསྐྱོད་པའི་བྱ་བར་སྐུལ་འདེད་བཏང་སྟེ། ཕྱོགས་སོ་སོའི་ཐོན་ཁུངས་ཀྱིས་གཅིག་གྱུར་ཉོ་སྒྲུབ་དང་དབུལ་སྐྱོར་ཐོན་རྫས་བཙོང་བར་རོགས་རམ་བྱས་ཏེ། ཐབས་ལམ་མང་བ་དང་། ཁྱབ་རྒྱ་ཆེ་བ། གནད་འཕིགས་ཅན་བཅས་ཀྱི་དབུལ་སྐྱོར་ཐོན་རྫས་ཉོ་ཚོང་ལམ་ལུགས་འཛུགས་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།