ས་གཙང་བདེ་ཐང་ཐོན་ལས་གཉིས་གཏོད་མཐོ་རིམ་གླེང་སྟེགས་དང་རྣམ་གྲངས་འོས་སྦྱོར་ཚོགས་འདུ་མཇུག་འགྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ལྷ་ས་གྲོང་ཁྱེར་གཉིས་གཏོད་གཞུང་སྒྲུབ་ཁང་དང་། ལྷ་ས་གྲོང་ཁྱེར་ས་གཙང་གཞུང་སྒྲུབ་ཁང་། ལྷ་ས་གྲོང་ཁྱེར་ས་གཙང་ཐོན་ལས་དངུལ་གཏོང་གསར་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་དུ་སྤེལ་བའི་ས་གཙང་བདེ་ཐང་ཐོན་ལས་གཉིས་གཏོད་མཐོ་རིམ་གླེང་སྟེགས་དང་རྣམ་གྲངས་འོས་སྦྱོར་ཚོགས་འདུ་མཇུག་འགྲིལ་བ་རེད། རྣམ་གྲངས་ལ་གན་རྒྱ་འཇོག་པའི་མཛད་སྒོའི་ཁྲོད། བསྡོམས་པས་ལྗོངས་ཕྱི་ནང་གི་ཁེ་ལས12ཀྱིས་ཡུལ་དངོས་སུ་འཐབ་ཇུས་མཉམ་ལས་ལ་གྲོས་མཐུན་བྱུང་ནས། མཉམ་ལས་འདོད་མོས་ཡོད་པའི་མ་དངུལ་སྒོར་དུང་ཕྱུར3ལ་སླེབས་པ་དང་། གན་རྒྱའི་དངུལ་གྲངས་སྒོར་ཁྲི5000ལ་སླེབས་ཡོད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གླེང་སྟེགས་ནི“སྤེལ་རེས་དང་། མཉམ་འདྲེས། འགྲོ་འོང་། འགྲེམས་སྟོན། མཉམ་ལས”བཅས་བརྗོད་བྱ་གཙོ་བོར་བྱས་ཤིང་། དམིགས་ཡུལ་ནི་ས་གཙང་བདེ་ཐང་ཐོན་ལས་དང་གཉིས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་རིགས་སོ་སོའི་ཁེ་ལས་ལ་འཕྲད་པའི་དཀའ་གནད་ཐག་གཅོད་བྱ་རྒྱུ་དེ་རེད། ཇི་ལྟར་བྱས་ནས་ས་གཙང་བདེ་ཐང་ཐོན་ལས་ཕྱི་ཕྱོགས་སུ་སྣུར་སྲིང་བྱ་རྒྱུ་དང་ལྗོངས་ཕྱིའི་ཁེ་ལས་གྲགསས་ཅན་ལ་ས་གཙང་བདེ་ཐང་ཐོན་ལས་འགྲེམས་སྟོན་བྱ་རྒྱུའི་ཐད་གྲོས་བསྡུར་བྱས་པ་རེད། ཐེངས་འདིའི་གླེང་སྟེགས་སྟེང་ལྗོངས་ཕྱི་ནང་ནས་ཡོང་བའི་ཁེ་ལས་ཀྱི་འཐུས་མི200ལྷག་ཞུགས་ཡོད། ལས་རིགས་ནང་ཁུལ་གྱི་ཆེད་མཁས་པ་གྲགས་ཅན་དང་ཁེ་ལས་གྲགས་ཅན་གྱིས་ཐོན་ལས་འཕེལ་རྒྱས་དང་། སྤུས་རྟགས་འཛུགས་སྐྲུན། ཐབས་ལམ་རྒྱ་བསྐྱེད་སོགས་ཀྱི་ཐད་འདུ་ཤེས་མཉམ་སྤྱོད་དང་། གྱོད་གཞི་དབྱེ་ཞིབ། ཉམས་མྱོང་སྤེལ་རེས་བཅས་བྱས་པ་བརྒྱུད་ལྗོངས་ཕྱི་ནང་གི་ལེགས་ཆའི་ཐོན་ལས་གསབ་རེས་དང་། ཆ་འཕྲིན་མཉམ་སྤྱོད། ཐབས་ལམ་འཛུགས་སྐྲུན། ཐོན་རྫས་སྤེལ་རེས་བཅས་བྱེད་པར་སྐུལ་འདེད་བཏང་ནས། ལྷ་ས་གྲོང་ཁྱེར་གྱི་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་བྱུང་བའི་གནད་དོན་སྣ་ཚོགས་ལ་ཐག་གཅོད་བྱེད་པར་ཇུས་གཞི་མཁོ་འདོན་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།