​ལྷོ་ཁ་གྲོང་ཁྱེར་གྱི་རིག་དངོས་སྲུང་སྐྱོབ་ལས་དོན་ལ་གོང་འཕེལ་ཆེན་པོ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ལྷོ་ཁ་གྲོང་ཁྱེར་རིག་དངོས་སྡེ་ཚན་གྱིས“སྲུང་སྐྱོང་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། དོ་དམ་ལ་ཤུགས་སྣོན་བྱེད་པ། བེད་སྤྱོད་ལུགས་མཐུན་བྱེད་པ”བཅས་ཀྱི་རིག་དངོས་སྲུང་སྐྱོབ་ལས་དོན་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དངུལ་གཏོང་ཇེ་མང་དུ་བཏང་བ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱས་ནས་རིག་དངོས་སྲུང་སྐྱོབ་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།  

སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་དམངས་ཡོངས་ཀྱི་སྲུང་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་བཏང་། ལྷོ་ཁ་གྲོང་ཁྱེར་གྱི་རིམ་པ་སོ་སོའི་རིག་དངོས་སྡེ་ཚན་གྱིས་ལོ་ལྟར་རིག་གནས་ཤུལ་བཞག་ཉིན་མོ་དང་། རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོ། ཕྱོགས་བསྡུས་བཅོས་སྐྱོང་གི་དྲིལ་བསྒྲགས་ཟླ་བ་དང་། དངོས་ཟོག་ཉོ་ཚོང་ཚོགས་འདུ་སོགས་ཀྱི་གོ་སྐབས་ལ་བརྟེན་ནས། རྣམ་པ་མི་འདྲ་བའི་དྲིལ་བསྒྲགས་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། རིག་དངོས་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། དམངས་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་།  

རིག་དངོས་སྲུང་སྐྱོབ་ཀྱི་རྨང་གཞིའི་ལས་དོན་ལ་མཐོར་འདེགས་གསར་བ་བྱུང་། 2020ལོར་སླེབས་སྐབས་ལྷོ་ཁ་གྲོང་ཁྱེར་དུ་རིགས་སོ་སོའི་གནས་སྤོ་མི་ཐུབ་པའི་རིག་དངོས723ཡོད། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་18ཀྱི་སྲུང་སྐྱོང་ཁྱབ་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་ཁུལ་དབྱེ་ནས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ18དང་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ85ཡི་ཟིན་ཐོའི་ཡིག་ཚགས་ལས་དོན་ལེགས་འགྲུབ་བྱས། བརྟག་དཔྱད་བྱས་པ་བརྒྱུད། ཤིང་ཏ་ལའི་ལོ་མའི་དཔེ་ཆའི་དེབ་བཤུས་མ15དང་ཤོག་ལྷེ1619གཏན་འཁེལ་བྱས་ཏེ།《ལྷོ་ཁའི་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཤིང་ཏ་ལའི་ལོ་མའི་དཔེ་ཆའི་སྤྱིའི་དཀར་ཆག》དང་། 《ལྷོ་ཁའི་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་པར་ལེན་ཀུན་འདུས》སོགས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། 

གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཚད་བརྒལ་གསར་བ་བྱུང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་མ་དངུལ་བཏང་ནས་བསམ་ཡས་དགོན་དང་། ཨེ་ལྷ་རྒྱལ་རིའི་ཕོ་བྲང་། བོད་ཀྱི་རྒྱལ་བོའི་བང་སོ་སོགས་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་སྐོར་ཞིག་གི་བདེ་འཇགས་འགོག་སྲུང་དང་། མེ་ཟོན། གློག་ཤུགས་སྐུད་ལམ། ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་གནད་དོན་ལེགས་བཅོས་བྱས། རྒྱལ་ཡོངས་ཀྱི་གནས་སྤོ་ཐུབ་པའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཐེངས་དང་པོ་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་། བོད་ཀྱི་རྒྱལ་བོའི་བང་སོ་སྲུང་སྐྱོབ་འཆར་འགོད་དང་སྨིན་གྲོལ་གླིང་སྲུང་སྐྱོབ་འཆར་འགོད་སོགས་སྤྱིའི་སྲུང་སྐྱོབ་འཆར་འགོད་བཟོས་ཏེ། མཐའ་མཚམས་ས་ཁུལ་གྱི་རིག་དངོས་སྲུང་སྐྱོབ་དང་འགྲེམས་སྟོན་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་བཟོས། 

རིག་དངོས་ཀྱི་བདེ་འཇགས་དོགས་ཟོན་ནུས་བ་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་། གྲོང་ཁྱེར་དང་རྫོང(ཆུས)གི་རིག་དངོས་བདེ་འཇགས་ལས་དོན་གྱི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ཏེ། “སུས་གཙོ་སྐྱོང་བྱས་ན་དེས་འགན་འཁུར་དགོས་པའི”རྩ་དོན་ལྟར། སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་རིག་དངོས་བདེ་འཇགས་ཀྱི་འགན་འཁྲི་རིམ་པ་བཞིན་དངོས་འབེབས་བྱས། གྲོང་ཁྱེར་ཡོངས་ཀྱི་མངའ་ཁོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་ལོ་རེ་བཞིན་གྲལ་བཤེར་ལས་དོན་སྤེལ་ནས་རྐྱེན་ངན་མ་བྱུང་གོང་སྔོན་འགོག་ཐུབ་པར་བྱས། ཉམས་གསོའི་ལས་གཞིའི་ལག་བསྟར་དང་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོའི་བར་གྱི་འབྲེལ་བ་ཐག་གཅོད་འོས་འཚམ་བྱས་ནས། ཡུལ་སྐོར་བ་དང་དད་ལྡན་མང་ཚོགས་ཀྱི་བདེ་འཇགས་འགན་སྲུང་བྱས་ཏེ་རིག་དངོས་སྲུང་སྐྱོབ་ཚན་པའི་བདེ་འཇགས་དོགས་ཟོན་ནུས་བ་མུ་མཐུད་དུ་ཇེ་ཆེར་བཏང་། 

དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་འགན་ནུས་འདོན་སྤེལ་ནུས་ལྡན་བྱས། གནའ་རྫས་རྟོག་ཞིབ་ལས་དོན་ནན་ཏན་གྱིས་སྤེལ་ཏེ། ཚན་རིག་དང་མཐུན་པར་སྲུང་སྐྱོབ་ཀྱི་འཆར་འགོད་བཟོས། ས་འོག་གི་རིག་དངོས་བདེ་འཇགས་ལ་ཁག་ཐེག་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་རིག་དངོས་སྡེ་ཚན་གྱིས་བོད་ལྗོངས་རིག་དངོས་ཞིབ་འཇུག་སུའོ་དང་མཉམ་འབྲེལ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་གཙོ་གནད་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་བྱ་བའི་ཁྲོད་སྔ་མོ་ནས་ཞུགས་ཏེ། ས་འོག་རིག་དངོས་ཀྱི་བདེ་འཇགས་རྩད་ཞིབ་དང་དཔྱད་དཔོག་ལ་ཤུགས་སྣོན་བྱས། རིག་དངོས་སྲུང་སྐྱོང་རྣམ་གྲངས་དང་མཐའ་འཁོར་གྱི་ཁོར་ཡུག་བཅོས་སྐྱོང་རྣམ་གྲངས་ཆེན་མོ་སྐོར་ཞིག་ལག་བསྟར་བྱས་པ་དང་བསྟུན། རིག་གནས་སྲུང་སྐྱོང་ཚན་པ་དང་ཡུལ་སྐོར་ལས་རིགས་མཉམ་འདྲེས་གཏིང་ཟབ་བྱས་ནས་མཐའ་སྐོར་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་བར་སྐུལ་འདེད་བཏང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།