བོད་ལྗོངས་དང་མི་སྤྱི་པུའུ་ཡིས་པུའུ་དང་ལྗོངས་ཀྱིས་བོད་ལྗོངས་ལག་རྩལ་དགེ་རྒན་སློབ་གླིང་མཉམ་སྐྲུན་བྱེད་པའི་དྲན་ཐོར་མིང་རྟགས་བཀོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས29ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་མི་སྤྱི་པུའུ་ཡིས་པེ་ཅིང་དུ་པུའུ་དང་ལྗོངས་ཀྱིས་བོད་ལྗོངས་ལག་རྩལ་དགེ་རྒན་སློབ་གླིང་མཉམ་སྐྲུན་བྱེད་པའི་དྲན་ཐོར་མིང་རྟགས་བཀོད་དེ་རང་ལྗོངས་ཀྱི་ལག་རྩལ་བཟོ་པའི་སློབ་གསོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ཇུས་ཆེན་མཉམ་དུ་བཏིང་ནས་རང་ལྗོངས་ཀྱི་ལག་རྩལ་བཟོ་པའི་སློབ་གསོའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་མི་སྤྱི་པུའུ་ཡི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ཀྲང་ཅིས་ནན་གན་འཇོག་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་ཕེབས་པ་དང་མི་སྤྱི་པུའུ་ཡི་པུའུ་ཀྲང་གཞོན་པ་ཐང་ཐའོ་ཡིས་གཙོ་སྐྱོང་གནང་བ་རེད།

ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་མི་སྤྱི་པུའུ་ཡིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཝུའུ་དབྱིང་ཅེས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་རྒྱལ་ཁའི་ངང་འཚོགས་པའི་སྐབས་འདིར་དྲན་ཐོར་མིང་རྟགས་བཀོད་པ་དེ་ནི་སློབ་གསོའི་ལས་དོན་དང་། ལས་ཞུགས་ལས་དོན། བོད་ཀྱི་ལས་དོན་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དང་ཁ་གཏད་རོགས་སྐྱོར་གཏིང་ཟབ་དང་པུའུ་དང་ལྗོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ་ད་ཐེངས་ཀྱི་དྲན་ཐོར་མིང་རྟགས་བཀོད་པ་དེ་གོ་སྐབས་སུ་བརྩིས་ནས་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་མི་སྤྱི་པུའུ་དང་མཉམ་དུ་དྲན་ཐོའི་ནང་གཏན་འཁེལ་བྱས་པའི་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སློབ་གླིང་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་གང་ལེགས་བྱས་ཐོག་བོད་ལྗོངས་ལག་རྩལ་དགེ་རྒན་སློབ་གླིང་འདི་ཉིད་བོད་ཀྱི་རིམ་པ་མཐོ་བའི་རྩལ་ནུས་ལྡན་པའི་ཤེས་ལྡན་པ་གསོ་སྐྱོང་རྟེན་གཞིར་ཧུར་ཐག་གཏོད་རྒྱུ་ཡིན། མི་སྤྱི་པུའུ་ཡིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་སྟེ་བོད་ལྗོངས་ལག་རྩལ་དགེ་རྒན་སློབ་གླིང་འཛུགས་སྐྲུན་དང་། མི་ཤུགས་ཐོན་ཁུངས་འཕེལ་རྒྱས། སྤྱི་ཚོགས་འགན་བཅོལ། གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སོགས་ཐད་གཟིགས་སྐྱོང་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཀྲང་ཅིས་ནན་གྱིས་རྩལ་ནུས་ཤེས་ལྡན་པ་ནི་རང་རྒྱལ་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་རྩལ་ནུས་ལྡན་པའི་ཤེས་ལྡན་པའི་དཔུང་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེས་དམངས་ཕྱུག་བོད་དར་ལ་དོན་སྙིང་གལ་ཆེན་ལྡན་ཡོད། མི་སྤྱི་པུའུ་ཡིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཁ་གཏད་བོད་སྐྱོར་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་མ་དངུལ་དང་། རྣམ་གྲངས། སྲིད་ཇུས་བཅས་ཐད་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན། རེ་བར་ཕྱོགས་གཉིས་པོས་དྲན་ཐོར་མིང་རྟགས་བཀོད་པ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ། བོད་ལྗོངས་ལག་རྩལ་དགེ་རྒན་སློབ་གླིང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ལག་རྩལ་བཟོ་པའི་སློབ་གསོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་མིང་རྟགས་བཀོད་པའི་དྲན་ཐོ་དེ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་། ཆེད་ལས་འཛུགས་སྐྱོང་། རྩལ་ནུས་ལྡན་པའི་ཤེས་ལྡན་པར་གདེང་འཇོག རྣམ་གྲངས་འཛུགས་སྐྲུན་སོགས་ཕྱོགས་བཅུ་དང་འབྲེལ་བ་ཡོད་པས་རང་ལྗོངས་ཀྱིས་རིམ་པ་མཐོ་བའི་རྩལ་ནུས་ལྡན་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དང་། ས་ཁུལ་གྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པ་བཅས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།