ལྷོ་ཁ་གྲོང་ཁྱེར་གྱིས་སྟོན་བསྡུ་བའི་ལས་དོན་ལེགས་པོ་སྒྲུབ་པར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱི་སྟོན་གསུམ་བྱ་བ་དང་ནས་ཐོན་ཚད་འཕར་བའི་ཡུལ་དངོས་ཀྱི་འོས་སྦྱོར་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་ལས་ཐོན་སྐྱེད་ཀྱི་ལྟེ་བའི་གོ་རིམ་ལ་དམིགས་ཏེ། ནས་ཀྱི་ཐོན་སྐྱེད་བྱ་བར་དམ་འཛིན་བྱས་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་རྫོང(ཆུས)སོ་སོ་དང་ཞིང་ལས་ཞིང་སྡེ་སྡེ་ཚན་གྱིས་དམ་འཛིན་ལྷོད་མེད་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། སྟོན་བསྡུ་དགོས་པ་ཚང་མ་བསྡུ་ཐུབ་པ་དང་། སྟོན་སློག་དགོས་པ་ཚང་མ་སློག་ཐུབ་པ། སྟོན་འདེབས་དགོས་པ་རིགས་ཚང་མ་འདེབས་ཐུབ་པ་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་ནས། ནུས་ཤུགས་ཡོད་རྒུད་ས་ཞིང་གཤིན་པོ་གསར་སྐྲུན་ལས་གཞི་ལག་བསྟར་བྱེད་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་། རྨོ་ཞིང་དང་གཞི་རྩའི་ཞིང་ཁ་སྲུང་སྐྱོང་། དེ་བཞིན་རྨོ་ཞིང་གི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་དགོས། སོན་བཟང་ཁྱབ་སྤེལ་ལས་གཞི་ལག་བསྟར་བྱས་ནས་སོན་གསོའི་ཚན་རིག་ཞིབ་འཇུག་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། “རི”རྟགས་ཅན་གྱི་སོན་བཟང་སྔར་ལས་མང་བ་སྐྱེད་སྲིང་བྱས་ནས་སོན་བཟང་གསོ་སྤེལ་རྟེན་གཞི་ཧུར་ཐག་གིས་སྐྲུན་རྒྱུ་དང་། ཞིང་ལས་དང་ཚན་རྩལ་མཉམ་འདྲེས་ཀྱི་ལམ་བུའི་ཐོག་བསྐྱོད་པར་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་བཟང་བེད་སྤྱོད་བཟོ་འགོད་ལག་བསྟར་བྱེད་པ། རོང་འབྲོག་པའི་མཉམ་ལས་ཁང་ཚད་ལྡན་ངང་འཕེལ་རྒྱས་དང་སྤུས་ཚད་མཐོ་རུ་གཏོང་བར་མགྱོགས་མྱུར་སྐུལ་འདེད་བཏང་། གཉེར་སྐྱོང་བྱེད་པོ་སླར་ཡང་སྐྱེད་སྲིང་དང་། གཉེར་སྐྱོང་དོ་དམ་སླར་ཡང་ཚད་ལྡན། འཕེལ་རྒྱས་གཏོང་སྟངས་སླར་ཡང་འཚོལ་ཞིབ། སྐུལ་ཁྲིད་ནུས་པ་སླར་ཡང་ཆེ་རུ་གཏོང་བ་བཅས་བྱས་ཏེ་རོང་འབྲོག་པའི་མཉམ་ལས་ཁང་སྔར་ལས་ལེགས་པའི་སྒོ་ནས་གཉེར་ཐུབ་པ་བྱས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་དེང་རབས་ཅན་གྱི་ནས་ཐོན་ལས་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྟེན་གཞི་དམ་འཛིན་དང་། གཞི་ཁྱོན་དམ་འཛིན། ལས་སྣོན་དམ་འཛིན། སྤུས་རྟགས་དམ་འཛིན། ཚོང་ར་དམ་འཛིན། ཞབས་ཞུ་དམ་འཛིན་བཅས་ཀྱི་སྒོ་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མཐོར་བཏང་།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།