ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། 2020ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་བོད་ལྗོངས་སུ་བསྐྱོད་པའི་བྱ་འགུལ་འགོ་ཚུགས་པའི་གྲོས་ཚོགས་ལྷ་ས་ནས་བསྡུས་པ་དང་། བོད་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་རྡོ་ཐོགས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་། བོད་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཆི་མེད་རིག་འཛིན་གྱིས་གཙོ་སྐྱོང་གནང་བ་རེད།
2020ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་བོད་ལྗོངས་སུ་བསྐྱོད་པའི་བྱ་འགུལ་གྱི་བརྗོད་བྱ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཏེ་ལྗང་མདོག་ཁྱིམ་གཞིས་འཛུགས་སྐྲུན་བྱེད་ཅེས་པ་ཡིན་ཞིང་། བྱ་འགུལ་གྱི་བཀོད་སྒྲིག་ལྟར་ན། བོད་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ9བའི་ཚེས1ཉིན་ནས་ཚེས9ཉིན་བར་དུ་ལྷ་ས་དང་། ནག་ཆུ། གཞིས་ཀ་རྩེ། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་ལྔ་རུ་བསྐྱོད་དེ། བོད་ལྗོངས་ཀྱི་མཁར་གྲོང་གི་སྤྱི་བའི་ཁོར་ཡུག་གཙང་སྤྲ་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ་རེད།
ཚོགས་འདུའི་བླང་བྱ་ལྟར་ན། བྱ་འགུལ་ཚོགས་ཆུང་གིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་བློ་བརྟན་འགྱུར་མེད་ངང་བོད་ལྗོངས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པ་དང་། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་བསྣན་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གང་བྱུང་དུ་འབུད་པ་དང་། གད་སྙིགས་གང་བྱུང་དུ་འཕེན་པ། སྒོ་ཕྱུགས་དང་ཁྱིམ་བྱ་གང་བྱུང་དུ་རྒྱུག་པ་སོགས་ཀྱི་གནད་དོན་མངོན་གསལ་གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱས་ཏེ་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་འགན་སྲུང་བྱ་རྒྱུ། ཁྲིམས་སྐྱོང་གི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། བཅའ་ཁྲིམས་ལམ་ལུགས་དེ་མི་དང་རང་བྱུང་ཐུན་མོང་གི་སྲུང་བྱ་རུ་བརྩིས་ནས། མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གིས་ཀྲུང་ཧྭ་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་ནས་དུས་གཏན་དུ་འཕེལ་རྒྱས་ཡོང་བར་བྱེད་དགོས་པར་བསྟན། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
2020ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་བོད་ལྗོངས་སུ་བསྐྱོད་པའི་བྱ་འགུལ་ལྷ་ས་ནས་སྤེལ་འགོ་ཚུགས་པ།