ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་གློག་ཤུགས་ཚན་རིག་ཞིབ་འཇུག་ཁང་གིས་ཉེ་དུས། མངའ་རིས་དང་བོད་དབུས་རྒྱུད་གློག་དྲའི་དྲ་སྦྲེལ་ལས་གཞིའི་ཧྥུའུ་སྟོང་ཚན500ཡི་སྐྱིད་རོང་གློག་སྒྱུར་ས་ཚིགས་དུ། རྒྱལ་ཁབ་གློག་དྲ་མངའ་རིས་དང་བོད་དབུས་རྒྱུད་གློག་དྲའི་དྲ་སྦྲེལ་ལས་གཞིའི་ཚོར་ཤེས་ཐེག་ཚད་ཁུལ་ནས་གློག་གཏོང་བའི་ཚོད་ལྟ་ལེགས་སྒྲུབ་བྱས་པ་དེས། མངའ་རིས་དང་བོད་དབུས་རྒྱུད་གློག་དྲའི་དྲ་སྦྲེལ་ལས་གཞིའི་གློག་སྒྱུར་ས་ཚིགས་དྲུག་པོ་ཚང་མ་གློག་ཤུགས་སྒྲིག་ཆས་ཚོད་ལྟ་སྙོམས་སྒྲིག་དུས་མཚམས་སུ་སླེབས་ནས། རྗེས་མཐུད་ཀྱི་གློག་ཤུགས་སྒྲིག་ཆས་ཞིབ་བཤེར་རྩིས་ལེན་དང་ལས་གཞི་ཁྱོན་ཡོངས་ནས་འཁོར་རྒྱུགས་བྱེད་རྒྱུར་རྨང་གཞི་བརྟན་པོ་བཏིང་པ་མཚོན་ཡོད།
ལས་གཞི་དེ་གཞིས་རྩེ་དང་མངའ་རིས་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་པས་འཁོར་རྒྱུགས་ཐུབ་རྗེས་མངའ་རིས་ཀྱི་གློག་དྲ་རྐྱང་མའི་འཁོར་རྒྱུགས་དང་མངའ་རིས་ས་ཁུལ་དུ་དུས་ཡུན་རིང་པོར་གློག་ཁ་ཐང་བའི་གནད་དོན་ཐག་གཅོད་ཐུབ་ནས། འབྲོང་པ་དང་ས་དགའ། སྐྱིད་རོང་། གཉའ་ལམ། སྤུ་ཧྲེང་། སྒེར་རྩེ། མཚོ་ཆེན་བཅས་རྫོང་བདུན་དུ་བདེ་འཇགས་བློས་འགེལ་གྱི་གློག་མཁོ་འདོན་ཐུབ་རྒྱུ་རེད། སྤྱི་ཟླ8པའི་ཚེས23ཉིན་བར་ལས་གཞིའི་སྤྱི་འབོར་གྱི97.25%ལེགས་འགྲུབ་ཟིན་པ་དང་། དེང་སྐབས་མཐའ་མའི་ཞོར་གཏོགས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་དང་འཕྲིན་གཏོང་གློག་སྐུད་སྒྲོམ་གཞི་འཛུགས་རྒྱུ་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་ཅིང་གློག་སྒྱུར་ཨར་སྐྲུན་མི་སྣས་སྒྲིག་ཆས་སྒྲིག་སྦྱོར་དང་ཚོད་ལྟ་སྙོམས་སྒྲིག་ལས་དོན་སྤེལ་བཞིན་ཡོད།།
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
མངའ་རིས་དང་བོད་དབུས་རྒྱུད་གློག་དྲའི་དྲ་སྦྲེལ་ལས་གཞི་དེ་གློག་ཤུགས་སྒྲིག་ཆས་ཚོད་ལྟ་སྙོམས་སྒྲིག་དུས་མཚམས་སུ་སླེབས།