ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་གོ་རིམ་ལྡན་པའི་ངང་དམངས་ཡོངས་ཀྱི་བདེ་ཐང་ལ་བརྟག་བཤེར་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ལ་གླ་རིན་མི་ལེན་པར་གཟུགས་པོ་བརྟག་དཔྱད་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྨན་བཅོས་དམངས་ཕན་སྲིད་ཇུས་དངོས་འབེབས་བྱེད་པ་དང་། གཞི་རིམ་གྱི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་སྔར་ལས་ཇེ་ཆེར་བཏང་ནས། ཁོངས་གཏོགས་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་འགན་སྲུང་བྱ་ཆེད། ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ7པའི་ཟླ་དཀྱིལ་ནས་བཟུང་། 2020ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱེད་པའི་ལས་དོན་ཧུར་ཐག་གིས་སྤེལ་བ་རེད།

རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དངོས་འབེབས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཁྲེང་ཀོན་ཆུས་ཁོངས་གཏོགས་ཀྱི་སྨན་བཅོས་སྒྲིག་གཞི16གིས་གྲ་སྒྲིག་ཞིབ་བཤེར་དང་ཁག་བགོས་སྨན་བཅོས་ནན་པོ་བྱས་ནས། ཡུག་བགོས་ཁུལ་གྱི་གོ་རིམ་ལྡན་པའི་ངང་དམངས་ཡོངས་ཀྱི་བདེ་ཐང་ལ་བརྟག་བཤེར་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བ་རེད། རྒྱ་ཆེའི་མང་ཚོགས་ལ་སྟབས་བདེ་དང་སྤུས་ལེགས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དངོས་འབྲེལ་ལོངས་སྤྱོད་ཐུབ་པར་བྱས་ནས། མང་ཚོགས་ཀྱི་བདེ་ཐང་ལ་གནོད་པའི་ནད་རིགས་སྣ་ཚོགས་སྔ་མོ་ནས་ཤེས་རྟོགས་དང་། སྔ་མོ་ནས་བརྟག་དཔྱད། སྔ་མོ་ནས་སྔོན་འགོག སྔ་མོ་ནས་སྨན་བཅོས་བྱས། སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་གྱི་གཟུགས་པོར་བརྟག་དཔྱད་བྱེད་པར་དམིགས་ནས། སྨན་དོན་མི་སྣས་སྟབས་བདེ་བའི་སྒྲིག་ཆས་འཁྱེར་ནས་དགོན་སྡེ21གི་གྲྭ་བཙུན་ལ་གཟུགས་པོར་བརྟག་དཔྱད་བྱས།

དམངས་ཡོངས་ཀྱི་བདེ་ཐང་ལ་བརྟག་བཤེར་བྱེད་པའི་བྱ་བ་སྤེལ་བ་ནས་བཟུང་། ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ལས་དོན་དེར་མཐོང་ཆེན་གནང་སྟེ་དམིགས་ཚད་དང་། ལས་འགན། བླང་བྱ་བཅས་ཁ་གསལ་བཟོས་ཏེ། འབྲེལ་ཡོད་ལག་བསྟར་ཇུས་གཞི་གཏན་འབེབས་བྱས། མིག་སྔར་ཁྲེང་ཀོན་ཆུས་ཀྱི་སྡོད་དམངས(རོང་འབྲོག་པ)ཀྱི་གཟུགས་པོར་བརྟག་དཔྱད་བྱེད་ཚད42%ལ་སླེབས་པ་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་གྱི་གཟུགས་པོ་བརྟག་དཔྱད་བྱེད་ཚད100%ལ་སླེབས་ཡོད། རྗེས་མར་ཁྲེང་ཀོན་ཆུས་ཀྱིས་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། སྡོད་དམངས་དང་མང་ཚོགས་ལ་“ངའི་གཟུགས་པོར་བརྟག་དཔྱད་བྱེད་དུ་བཅུག་པ”ནས“ངའི་གཟུགས་པོ་བརྟག་དཔྱད་བྱ་རྒྱུ་ཡིན་པར”ཁྲིད་སྟོན་བྱས་ཏེ། ཧུར་ཐག་གིས་གཟུགས་པོར་བརྟག་དཔྱད་བྱེད་པའི་བྱ་བར་ཞུགས་ནས། ཏང་དང་སྲིད་གཞུང་གིས་སྡོད་དམངས་རེ་རེར་དོ་སྣང་དང་ཐུགས་ཁུར་གནང་བ་མྱོང་ཚོར་བྱེད་དུ་བཅུག་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།