བོད་ལྗོངས་ཀྱིས2020ལོའི་ཚན་རྩལ་བྱ་འགུལ་གཟའ་འཁོར་དང་ཚན་རྩལ་གཞི་རིམ་དུ་བསྐྱོད་པའི་གཅིག་བསྡུས་ཞབས་ཞུ་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས23ཉིན། 2020ལོའི་བོད་ལྗོངས་ཀྱི་ཚན་རྩལ་བྱ་འགུལ་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་དང་ཚན་རྩལ་གཞི་རིམ་དུ་བསྐྱོད་པའི་གཅིག་བསྡུས་ཞབས་ཞུ་བྱ་འགུལ་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་དུ་སྤེལ་ཞིང་། བྱ་འགུལ་འདི་ནི་བོད་ལྗོངས་ཚན་རྩལ་ཐིན་དང་། ཏང་ཨུའི་དྲིལ་བསྒྲགས་པུའུ། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཚན་རྩལ་མཐུན་ཚོགས་སོགས་ལས་ཁུངས་ཀྱིས་མཉམ་དུ་སྤེལ་བ་ཡིན།

139314069_15982565381911n.jpg

འདི་ནི་བྱ་འགུལ་གྱི་ཡུལ་དངོས་སུ་གྲོང་ཚོ་རིམ་པའི་ཚན་རིག་ཁྱབ་གདལ་བྱ་འགུལ་ཁང་ལ་སྒོ་བྱང་གནང་བཞིན་པའི་ཚུལ་རེད།(2020ལོའི་ཟླ8པའི་ཚེས23ཉིན་པར་བླངས)

 ཉིན་དེའི་བྱ་འགུལ་སྤེལ་ཡུལ་དུ་གྲྭ་བཙུན་དང་། སློབ་མ། རོང་འབྲོག་པ་བཅས་མང་ཚོགས500ལྷག་བྱ་འགུལ་ཁྲོད་ཞུགས་ཡོད། ཐེངས་འདིའི་བྱ་འགུལ་གྱིས“ཚན་རྩལ་དམག་འཐབ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་དུ་གཏོང་བ”བརྗོད་བྱ་བྱས་ཏེ་རྒྱལ་ཡོངས་ཀྱི་ཚན་རྩལ་བྱ་འགུལ་གཟའ་འཁོར་དང་བོད་ལྗོངས་ཀྱི་ཚན་རྩལ་བྱ་འགུལ་གཟའ་འཁོར་ལོ20འཁོར་བའི་བྱ་འགུལ་གྱི་བརྒྱུད་རིམ་ཕྱིར་དྲན་བྱས་པ་དང་། བོད་ལྗོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་དང་ལྷག་པར་དུ་མཚོ་བོད་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་དང་། ནག་ཆུ་གྲོང་ཁྱེར་དང་གྲོང་རྡལ་དུ་ཚན་རིག་དང་མཐུན་པའི་སྡོང་འཛུགས་ཐེངས་གཉིས་པ་དང་དེ་བཞིན་ནས་དང་། འབྲི་གཡག གཟན་རྩྭ་སོགས་ཐད་ཀྱི་བྱ་བའི་ཕན་འབྲས་དང་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།

བྱ་འགུལ་སྤེལ་ཡུལ་དུ་ད་དུང་མང་ཚོགས་ལ་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཁྲོད་ཀྱི་ཚན་རྩལ་གྱི་ནུས་པ་གལ་ཆེན་འགྲེལ་བཤད་བྱས་ཏེ། མང་ཚོགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་སྨན་བཅོས་འོས་འགན་བརྟག་དཔྱད་རྩ་འཛུགས་བྱས་ཏེ་རྒྱུན་གཏན་གྱི་རིམས་འགོག་མཁོ་ཆས་སྤྲད། དེ་དང་ཆབས་ཅིག་ཚན་རྩལ་ཁྱབ་གདལ་གྱི་འགྲེལ་བཤད་དང་། ཚོད་ལྟའི་འཕེལ་རིམ་གསལ་སྟོན། ལག་རྩལ་གསོ་སྦྱོང་སོགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་སྣ་མང་ཕུན་སུམ་ཚོགས་པའི་ཚན་རྩལ་ཁྱབ་གདལ་གྱི་བྱ་འགུལ་སྤེལ།

139314069_15982565382001n.jpg

བྱ་འགུལ་གྱི་ཡུལ་དངོས་སུ་མང་ཚོགས་ལ་རིན་མེད་ངང་བརྟག་དཔྱད་བྱེད་བཞིན་པ།(2020ལོའི་ཟླ8པའི་ཚེས23ཉིན་པར་བླངས)

རྒྱུས་ལོན་པ་ལྟར་ན། བྱ་འགུལ་གྱི་སྐབས་སུ་བསྡོམས་པས་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཡིག་ཆ6000ལྷག་འགྲེམ་གཏོང་བྱས་ཏེ། ཚན་རིག་ཁྱབ་གདལ་འགྲེམ་སྟོན་དང་ཚན་རིག་ཚོད་ལྟ་སོགས་ཀྱི་བྱ་འགུལ་ཐེངས20ལྷག་སྤེལ་ཞིང་། མང་ཚོགས800ལྷག་ལ་རིན་མེད་ངང་ལུས་པོར་བརྟག་དཔྱད་བྱས་ནས། སྒོར་མོ་རིན་ཐང་ཁྲི6ལྷག་གི་རིམས་འགོག་སྤྱོད་ཆས་དང་། སྨན་རྫས་ལེགས་སྐྱེས་སུ་ཕུལ་ཏེ། ཚན་རིག་ཁྱབ་གདལ་བྱ་འགུལ་ཁང7བཅས་ཞལ་འདེབས་སུ་ཕུལ་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།