ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཐར་མཁྲེགས་གཏོར་ལས་དོན་སྤེལ་འགོ་བརྩམས་པ་ནས་བཟུང་། བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་རོང་འབྲོག་པ་ལས་ཞུགས་སྤོ་སྒྱུར་བྱེད་པར་རོགས་རམ་བྱས། མིག་སྔའི་བར་དུ། ལྗོངས་ཡོངས་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱིས་བསྡོམས་པས་རོང་འབྲོག་པ་ཁྲི54.7ལས་ཞུགས་སྤོ་སྒྱུར་བྱེད་པར་བསྡུ་ལེན་བྱས་ཤིང་། ངལ་ནུས་ཡོང་སྒོ་སྒོར་དུང་ཕྱུར137ཇེ་མང་དུ་བཏང་།
བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱི་རང་འགུལ་གྱིས་སྣེ་ཁྲིད་དང་། ཕྱོགས་ཡོངས་ནས་རོང་འབྲོག་མང་ཚོགས་ཐད་ཀར་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཞུགས་པར་བསྡུ་ལེན་བྱས་ཏེ། སྲིད་གཞུང་གིས་མ་དངུལ་སྒོར་ཁྲི400མན་བཏང་བ་དང་རོང་འབྲོག་པའི་ལག་གཞི་ལག་བསྟར་རུ་ཁག་གིས་འགན་འཁུར་ནས་འཛུགས་སྐྲུན་བྱེད་ཐུབ་པའི་རྣམ་གྲངས་ཡོངས་རྫོགས་རོང་འབྲོག་པའི་ལག་གཞི་ལག་བསྟར་རུ་ཁག་གིས་ལག་བསྟར་བྱེད་པར་གཏན་ཁེལ་བྱས་ཡོད་པ་མ་ཟད། ལག་གཞི་ལག་བསྟར་མི་སྣའི་ཁྲོད་བོད་ལྗོངས་ཀྱི་རོང་འབྲོག་པའི་མི་གྲངས80%ཡན་ཟིན་པ་དང་། རིམ་པ་སོ་སོའི་ལས་གཞི་ལག་བསྟར་ཁེ་ལས་ཀྱིས་མི་སྤྱོད་དམིགས་ཚད་བཀག་ཉར་བྱེད་མི་ཆོག་པར་ཁག་ཐེག་བྱས།
ཞིང་སྡེའི་གཞུང་ལམ་བདག་སྐྱོང་དང་གཞུང་ལམ་ཤར་གཏོང་བྱ་བའི་ཁྲོད་ལམ་རྒྱུད་ཀྱི་རོང་འབྲོག་པ་ཞུགས་པར་བརྩོན་ལེན་བྱས་ཏེ། བོད་ལྗོངས་སྲིད་གཞུང་གཞུང་སྒྲུབ་ཁང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཞིང་སྡེའི་གཞུང་ལམ་དོ་དམ་བདག་སྐྱོང་གཏིང་ཟབ་ཏུ་གཏོང་བའི་ལམ་ལུགས་བཅོས་བསྒྱུར་ལག་བསྟར་ཇུས་གཞི》འགྲེམ་གཏོང་བྱས་པ་བརྒྱུད། ནོར་སྲིད་ཀྱི་ཁ་གསབ་མ་དངུལ་གྱི་སྤྱི་གྲངས་དེ་སྔོན་ཆད་ཀྱི་སྒོར་དུང་ཕྱུར2.3ནས་སྒོར་དུང་ཕྱུར5.3བར་ཇེ་མཐོར་བཏང་། ཞིང་སྡེའི་གཞུང་ལམ་སྤྱི་ཕན་རང་བཞིན་གྱི་བདག་སྐྱོང་ལས་གནས་དེ་སྔོན་ཆད་ཀྱི་ཁྲི1.1ནས་ཁྲི་2.2བར་ཇེ་མང་དུ་བཏང་། ཐག་ཉེ་སར་སྟབས་བདེ་ངང་ལས་ཞུགས་བྱས་ཏེ་གྲོང་ཚོ་དང་རྩ་འཛུགས་ཀྱི་ཕྱིར་མི་འབུད་པའི་རྩ་དོན་ལྟར། ལམ་རྒྱུད་ཀྱི་རོང་འབྲོག་པའི་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ལ། ལམ་རྒྱུད་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལས་ཞུགས་བྱེད་པར་དམིགས་བསལ་དུ་བཀོད་སྒྲིག་གང་ལེགས་བྱས།
འགྲེིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་རྣམ་གྲངས་གཙོ་བོ་ས་གནས་དེའི་བཟོ་སྐྲུན་ལག་རྩལ་མི་སྣ་ལས་ཞུགས་བྱེད་པའི་དཔེ་སྟོན་ས་ཁུལ་དུ་བརྩིས་ནས། བོད་ལྗོངས་ཀྱི་ལག་རྩལ་སློབ་གླིང་གིས་སྐྱེད་སྲིང་བྱས་པའི་ཆེད་ལས་ལག་རྩལ་མི་སྣ185བསྡུ་ལེན་བྱས་ཏེ། རིམ་བཞིན་རྣམ་གྲངས་བཀོད་འདོམས་པུའུ་དང་ངལ་ནུས་ཕྱིར་གཏོང་ས་ཁུལ་གྱི་མཁོ་འདོན་འབྲེལ་མཐུད་ལམ་ལུགས་བཙུགས་ནས། དགོས་མཁོ་ཡོད་ཚེ་མྱུར་དུ་སྐོང་ཐུབ་པ་དང་། རེ་འདུན་ཡོད་ན་དུས་ཐོག་ཏུ་དང་ལེན་བྱེད་པ། ལས་འགན་ཡོད་ན་མྱུར་དུ་ངལ་རྩོལ་བ་བཀོད་སྒྲིག་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལ་བརྟེན་ནས་རོང་འབྲོག་མང་ཚོགས་ཁྲི54.7ལས་ཞུགས་སྤོ་སྒྱུར་བྱས།