ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་དང་པེ་ཅིན་ཅིན་ཏུང་ཆན་ཧྲི་ཚན་རྩལ་ཚད་ཡོད་ཀུང་ཟི་དང་། ནུབ་བྱང་ཞིང་ལས་ནགས་ཚལ་ཚན་རྩལ་སློབ་ཆེན། ཏ་ལན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་བར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད། ཕྱོགས་བཞི་ཡིས་གློག་རྡུལ་ཚོང་དོན་དང་ཉོ་ཚོང་དངོས་རྫས་འཁོར་རྒྱུག ཐོན་རྫས་གྲངས་ཅན་ཁྱབ་གདལ། འཇོན་མི་སྐྱེད་སྲིང་སོགས་ཀྱི་ཁྱབ་ཁོངས་ནས་མཉམ་ལས་ལ་ཤུགས་བསྣན་ཏེ། ཉིང་ཁྲིའི་ཞིང་ལས་གྲངས་འཛིན་ཅན་གྱི་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། འཐབ་ཇུས་མཉམ་ལས་གྲོས་ཡིག་ཁྲོད་ཕྱོགས་ལྔ་ནས་གཙོ་བོ་མཉམ་ལས་བྱ་རྒྱུ་གཏན་ཁེལ་གསལ་བོ་བྱས་ཡོད། གཅིག་ནི་ཅིན་ཏུང་ཚོང་རའི“ཉིང་ཁྲིའི་འབྱུང་ཁུངས”ཞེས་པའི་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཁང་བཙུགས་ནས། ཉིང་ཁྲིའི་ཞིང་ལས་ཁྱད་ལྡན་ཐོན་རྫས་འཛད་སྤྱོད་ཁྲོམ་ར་རྒྱ་བསྐྱེད་དེ། “ཉིང་ཁྲིའི་འབྱུང་ཁུངས”ཀྱི་སྤྱི་བའི་སྤུས་རྟགས་ཀྱི་གཟུགས་བརྙན་ཇེ་ལེགས་སུ་གཏོང་བ། གཉིས་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་གློག་རྡུལ་ཚོང་དོན་དངོས་ཟོག་འཁོར་རྒྱུག་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། དེའི་ཁྲོད་བསྡུ་འགྲེམ་དང་། མཛོད་ཉར། འཁྱགས་ཕྲེང་ལྟེ་གནས། ཆུས་དང་རྫོང་གི་སྡེབ་སྐྱེལ་མ་ལག་དང་མཐའ་སྣེའི་དྲ་ཚིགས་འཛུགས་སྐྲུན་སོགས་འདུས་ཡོད་ཅིང་། དངོས་ཟོག་སྐྱེལ་འདྲེན་གྱི་མ་རྩ་ཇེ་དམའ་རུ་བཏང་ནས་སྡེབ་སྐྱེལ་གྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུ། གསུམ་ནི་ཅིན་ཏུང་ཞིང་རའི་འཛུགས་སྐྲུན་ཚད་གཞི་ལྟར། ཏ་ལེན་རང་བྱུང་དང་བཟོ་སྐྲུན་རིག་པ་སློབ་ཆེན་དང་ནུབ་བྱང་ཞིང་ལས་ནགས་ཚལ་ཚན་རིག་ཞིབ་འཇུག་ཚོགས་པའི་རྒྱབ་སྐྱོར་འོག ཉིང་ཁྲིའི་ས་གནས་དེའི་སྤུས་ལེགས་ཁེ་ལས་དང་མཉམ་ལས་བྱས་པ་བརྒྱུད། དེང་རབས་ཅན་གྱི་གྲངས་འཛིན་དཔེ་སྟོན་ཞིང་ར་དུ་མ་བསྐྲུན་ནས་ཞིང་ལས་དེང་རབས་ཅན་དང་། ཚད་ལྡན་ཅན། རིག་ནུས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། བཞི་ནི་སྲིད་གཞུང་གི་གཅིག་བསྡུས་ཉོ་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བྱས་ནས། ཅིན་ཏུང་ཟོག་འགྲེམས་ཀྱི་ལེགས་ཆ་སྤྱད་དེ་དངོས་ཟོག་གཅིག་བསྡུས་ཉོ་སྒྲུབ་ཀྱི་མཁོ་སྤྲོད་སྦྲེལ་ཐག་འཐུས་ཚང་དུ་བཏང་ནས། སྲིད་གཞུང་གི་ཉོ་སྒྲུབ་ལ་མགྱོགས་མྱུར་དང་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ། ལྔ་ནི་བོད་སྐྱོར་ལས་དོན་རུ་ཁག་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གིས་སྤྱི་ཚོགས་ཀྱི་ཕན་འབྲས་སྔར་ལས་ཆེ་བ་ཐོན་པར་རོགས་རམ་བྱ་རྒྱུ་དེ་ཡིན། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཉིང་ཁྲི་གྲོང་ཁྱེར་གྱིས་ཅིན་ཏུང་དང་དེ་བཞིན་མཐོ་སློབ་བར་དུ་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད།