བོད་ལྗོངས་ཀྱི་བུད་མེད་མཉམ་ལས་རྩ་འཛུགས་གསུམ་ལ“རྒྱལ་ཡོངས་བུད་མེད་ཀྱི་དབུལ་ཐར་དཔེ་སྟོན་རྟེན་གཞིའི”མཚན་སྙན་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “བུད་མེད་ཀྱི་དབུལ་ཐར་བྱ་སྤྱོད”རྒྱུན་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ། དབུལ་ཐར་འགག་སྒྲོལ་ཁྲོད་ཀྱི་དཔེ་སྟོན་རྟེན་གཞིའི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། བུད་མེད་སྔར་ལས་མང་པོས་རྟེན་གཞིར་བརྟེན་ནས་ཡོང་སྒོ་འཕར་སྣོན་དང་ཕྱུག་སྒྱུར་བྱུང་བར་རམ་འདེགས་བྱ་ཆེད། བོད་ལྗོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསོ་སྐྱོང་ཧུར་ཐག་དང་། རྒྱ་ཁྱབ་ཏུ་གདམ་གསེས། ཡིག་ཐོག་སྙན་ཞུ་འབུལ་བ་དང་། འགག་སྒོ་ནན་སྲུང་བྱེད་པ་བཅས་ཀྱི་རྨང་གཞིའི་སྟེང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིབ་བཤེར་གཏན་འབེབས་དང་བསྐྱར་ཞིབ། ཡོངས་བསྒྲགས་བཅས་བྱས་པ་བརྒྱུད། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་གྲོ་སྙེ་ཞིང་ལས་འདེབས་འཛུགས་ཞིང་བའི་ཆེད་ལས་མཉམ་ལས་ཁང་དང་། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁང་གསར་རོང་འབྲོག་པའི་བལ་འཐག་ཆེད་ལས་མཉམ་ལས་ཁང་། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐལ་བཟང་མེ་ཏོག་མི་རིགས་རྒྱན་གོས་ལས་སྣོན་བྲིན་ཚོང་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ལ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཟེངས་བསྟོད་བྱས་ནས“རྒྱལ་ཡོངས་བུད་མེད་དབུལ་ཐར་དཔེ་སྟོན་རྟེན་གཞི”ཞེས་པའི་མིང་བཏགས་པ་དང་འབྲེལ་རྟེན་གཞི་འཕེལ་རྒྱས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི5སོ་སོར་ཐོབ་པ་རེད།

“བུད་མེད་ཀྱི་དབུལ་ཐར་བྱ་སྤྱོད”སྤེལ་བའི་ཚུན། བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད་དབུལ་ཐར་དཔེ་སྟོན་རྟེན་གཞིའི”གསོ་སྐྱོང་ལས་དོན་ལ་ཚད་མཐོན་པོའི་སྒོ་ནས་མཐོང་ཆེན་གནང་སྟེ་རྩལ་ནུས་གསོ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས། དབུལ་ཕོངས་བུད་མེད་དབུལ་བྲལ་ཕྱུག་འགྱུར་བྱེད་པའི་ནུས་བ་ཇེ་ཆེར་བཏང་སྟེ། དབུལ་ཐར་འགག་སྒྲོལ་ཁྲོད་བུད་མེད་ཀྱི“གནམ་ཕྱེད”ནུས་པ་འདོན་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་ས་གནས་སོ་སོས་ད་ལྟའི་གནས་ཚུལ་དང་བུད་མེད་ཀྱི་དོན་དངོས་ལ་གཞིགས་ནས། ཡུལ་བབ་དང་བསྟུན་པ་དང་རིགས་འབྱེད་མཛུབ་ཁྲིད་བྱེད་པར་རྒྱུན་འཁྱོངས་བྱས། མིག་སྔར་རྒྱལ་ཡོངས་ཀྱི“བུད་མེད་དབུལ་ཐར་དཔེ་སྟོན་རྟེན་གཞི”16བཙུགས་ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི20ཡོད། དེར་རོགས་སྐྱོར་མ་དངུལ་སྒོར་ཁྲི280རྩིས་སྤྲོད་བྱས། རྟེན་གཞིས་དཔེ་སྟོན་སྣེ་ཁྲིད་བྱས་པ་བརྒྱུད་རོང་འབྲོག་ཁུལ་གྱི་བུད་མེད་ཕ་ཡུལ་དང་ཁ་མི་བྲལ་བར་ཐག་ཉེ་སར་ལས་ཞུགས་བྱེད་པའི་དབུལ་ཐར་ཕྱུག་འགྱུར་ཡོང་བའི་དམིགས་འབེན་མངོན་འགྱུར་བྱས་ལ། ལྗོངས་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལས་དོན་ལ་བུད་མེད་ཀྱི་སྟོབས་ཤུགས་བཏོན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།