ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་གནས་སྐོར་འཕེལ་རྒྱས་ཐིན་གྱིས་ཚེས11ཉིན་ལྷ་ས་གྲོང་ཁྱེར་གྱི་སྟར་སྟོང་གྲོང་ཚོ་རུ་རང་སྐྱོང་ལྗོངས་རིམ་པའི་ཁམས་གསོ་དང་ལྗང་མདོག་གནས་སྐོར་རྟེན་གཞི་སྐོར་དང་པོའི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས། བོད་ལྗོངས་ཀྱི་ཁམས་གསོ་དང་ལྗང་མདོག་གནས་སྐོར་རྟེན་གཞི6དངོས་སུ་ཚོད་ལྟ་བྱེད་འགོ་བརྩམས་ཏེ། མཐོ་སྒང་གི་གནས་སྐོར་ལས་རྣམ་གསར་བ་དང་རྣམ་པ་གསར་བར་ལམ་བུ་འཚོལ་ཞིབ་བྱེད་བཞིན་ཡོད།
སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པའི་སྟར་སྟོང་གྲོང་ཚོ་ཡིས2016ལོ་ནས་ད་ལྟའི་བར་དུ། “རིག་གནས་ཡུལ་སྐོར+བདེ་ཐང”གི་ཁྱད་ལྡན་སྤྲོ་གསེང་ཐོན་རྫས་ལ་བརྟེན་ནས་གནས་སྐོར་བ་མི་ཐེངས་ཁྲི་བརྒྱ་ལས་བརྒལ་བ་སྣེ་ལེན་བྱས་ཏེ་གནས་སྐོར་ཡོང་སྒོ་སྒོར་ཁྲི2100ལྷག་མངོན་འགྱུར་བྱས།
ལྷ་སའི་ཆེས་མཛེས་པའི་གྲོང་ཚོ་སྟར་སྟོང་གྲོང་ཚོ་ལས་གཞན་ཐེངས་འདིར་སྒོ་བྱང་བཀལ་བའི་རྟེན་གཞི་ལ་ད་དུང་ས་འོག་ཚ་ནུས་ཕུན་སུམ་ཚོགས་པའི་ཡངས་པ་ཅན་དག་པའི་ཞིང་ཁམས་གནས་སྐོར་ཁུལ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་དཔྱད་འདེམས་བྱས་པ་བརྒྱུད《མིའི་རིགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོ》ནང་བཅུག་པར་གཏན་ཁེལ་བྱས་པའི་བདུད་རྩི་ཆུའི་གསང་བའི་སྨན་ལུམས། ཕྱོགས་བསྡུས་རང་བྱུང་སྐྱེ་ཁམས་མ་ལག་ཆ་ཚང་ལྡན་པའི་མེ་ཏོག་གི་སྐྱེ་ཁམས་གནས་སྐོར་ཁུལ། “རང་བྱུང་གསོ་རླུང་ཁང”དང“སྐྱེ་དངོས་ཀྱི་གཞི་རྒྱུའི་མཛོད”ཅེས་པའི་མཚན་སྙན་ལྡན་པའི་ཀླུ་ནང་རྒྱལ་སྤྱིའི་གནས་སྐོར་གྲོང་རྡལ་ཆུང་ངུ་། དེ་མིན་རི་ཆུ་འབྲེལ་བ་དང་གནའ་ཤིང་སྟུག་པོས་ཁེབས་པའི་སྤོ་མེས་སྒང་ཡུན་ཧྲན་ནགས་ཚལ་གནས་སྐོར་ཁུལ་བཅས་འདུས།
བོད་ལྗོངས་གནས་སྐོར་འཕེལ་རྒྱས་ཐིན་གྱི་རིམ་པ་དང་པོའི་སྐོར་ཞིབ་པ་ཝང་ཞའོ་ཏུང་གིས་བཤད་རྒྱུར། བོད་ལྗོངས་ས་ཁུལ་གྱི་སྐྱེ་ཁམས་དང་ཁམས་གསོ་ཐོན་ཁུངས་ཕུན་སུམ་ཚོགས་པས། སྐོར་དང་པོའི་ཚོད་ལྟའི་ལས་དོན་དེ་གནས་སྐོར་ལས་རིགས་ཀྱི་ཁོར་ཡུག་ལེགས་པ་དང་། ཐོན་ཁུངས་གྲོན་ཆུང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་རྩ་བའི་ངོ་བོ་ནས་འགོ་བརྩམས་ཏེ། བོད་ཀྱི་གསོ་རིག་སྨན་ལུམས་དང་། ཆུ་ཚན་ཁམས་གསོ། སྤྲོ་གསེང་སྐྱེལ་གཏོང་། ལྗང་མདོག་སྐྱེ་ཁམས་སོགས་ཁྱད་ལྡན་ལས་རྣམ་འཕེལ་རྒྱས་ཆེན་པོ་བཏང་བ་བརྒྱུད་ནས། སྲོལ་རྒྱུན་ལྟ་སྐོར་གནས་སྐོར་ནས་རོལ་མྱོང་ཅན་གྱི་གནས་སྐོར་རུ་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་ཁ་ཕྱོགས་སྒྱུར་བར་བགྲོད་ལམ་གསར་བ་གཏོད་རྒྱུ་ཡིན་ཟེར།
ཉིན་དེའི་སྒོ་བྱང་འགེལ་བའི་མཛད་སྒོ་སྟེང་། གནས་སྐོར་ལས་དོན་ཁང་ཆེན་པོ་སྐོར་ཞིག་གིས་རྟེན་གཞི6དང་གན་རྒྱ་བཞག རྗེས་ཕྱོགས་བོད་ལྗོངས་གནས་སྐོར་འཕེལ་རྒྱས་ཐིན་གྱིས་བདམས་ཐོན་བྱུང་བའི་རྟེན་གཞི་ལ་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱས་ཏེ། ལམ་ལུགས་གསར་གཏོད་དང་། མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད། ཐོན་རྫས་འདོན་སྤྲོད་ཇེ་མང་དུ་གཏོང་བ། སྤྱི་བའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཕྱོགས་ནས་གཙོ་གནད་དུ་རྒྱབ་སྐྱོར་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱི་ཁམས་གསོ་དང་ལྗང་མདོག་གནས་སྐོར་རྟེན་གཞི6ལ་སྒོ་བྱང་བཀལ་ཏེ་ཚོད་ལྟ་བྱེད་འགོ་བརྩམས།