ཟླ1པོ་ནས་ཟླ7པའི་བར་བོད་ལྗོངས་ཀྱི་རོང་འབྲོག་པ་ཁྲི54.3ལས་ཞུགས་སྤོ་སྒྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ7པའི་བར་བོད་ལྗོངས་ཀྱི་རོང་འབྲོག་པ་ཁྲི54.3ལས་ཞུགས་སྤོ་སྒྱུར་བྱས་ཏེ། ལོ་འཁོར་དམིགས་འབེན་གྱི90.5%ལེགས་འགྲུབ་བྱས་པ་དང་། ངལ་ནུས་ཡོང་སྒོ་སྒོར་དུང་ཕྱུར39.1མངོན་འགྱུར་བྱས་ནས་ལོ་འཁོར་དམིགས་འབེན་གྱི93.1%ལེགས་འགྲུབ་བྱས།

རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱིས་དུས་ལྟར་ཇུས་གཞི་བཟོས་ཏེ། མི་སྒེར་དང་ཁེ་ལས། ངལ་ནུས་ཕྱིར་གཏོང་ཚོང་རའི་བྱེད་པོར་འབྲེལ་ཡོད་ལམ་རིན་ཁ་གསབ་དང་། ལས་ཞུགས་ལས་སྐྲུན་ཞབས་ཞུ་ཁ་གསབ་གནང་སྟེ། གྲོང་ཁྱེར་དང་རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞི་ཡི་ངལ་ནུས་ཕྱིར་གཏོང་རྩ་འཛུགས་འཛུགས་སྐྲུན་སྔར་ལས་ཇེ་མགྱོགས་སུ་བཏང་བ་དང་། སྲིད་གཞུང་དང་། ལས་གཞི་ལག་བསྟར་ལས་ཁུངས། ངལ་ནུས་མངགས་གཏོང་ཀུང་ཟི། ངལ་ནུས་མཉམ་ལས་ཁང་། གྲོང་ཚོ་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ངལ་ནུས་བར་ཁེ་བ། ངལ་རྩོལ་བ་བཅས་ཕྱོགས་དྲུག་གཞི་གཅིག་གི་ངལ་ནུས་ཕྱིར་གཏོང་རྣམ་པ་ཁྱབ་གདལ་དུ་བཏང་ནས། རོང་འབྲོག་པའི་ཁྱབ་ཁོངས་ལས་བརྒལ་བའི་ལས་ཞུགས་སྤོ་སྒྱུར་ལ་སྐུལ་འདེད་ཆེན་པོ་བཏང་བ་བརྒྱུད། ས་ཁུལ་དང་གྲོང་ཁྱེར་བརྒལ་བའི་མང་ཚོགས་མི་ཁྲི4.99ལས་ཞུགས་སྤོ་སྒྱུར་བྱས་ལ། ལྗོངས་ཕྱི་རོལ་དུ་མི3109ལས་ཞུགས་སྤོ་སྒྱུར་བྱས།

ད་མིན། ད་ལོའི་རིང་བོད་ལྗོངས་ཀྱིས་སྲིད་གཞུང་གི་དངུལ་གཏོང་རྣམ་གྲངས་ལ་བརྟེན་ནས་ལས་ཞུགས་བསྡུ་ལེན་བྱེད་པའི་བྱ་བར་ཤུགས་བསྣན་ཞིང་། མང་ཚོགས་རྩ་འཛུགས་བྱས་ཏེ་ཐད་ཀར་དུ་ལས་བཟོ་བའི་བྱ་བའི་ཁྲོད་ཞུགས་པ་དང་ལས་གཞིའི་འཕྲུལ་ཆས་ལ་བརྟེན་ནས་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཞུགས། རིགས་སོ་སོའི་གཞི་ཁྱོན་གྱི་ཁེ་ལས་དང་མཉམ་ལས་རྩ་འཛུགས་སོགས་ལས་ཞུགས་བསྡུ་ལེན་བྱེད་ཡུལ་གཙོ་བོ་རུ་བརྩིས་ཏེ། མིག་སྔར་བོད་ལྗོངས་ཀྱིས་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་རྟེན་གཞི611གཏན་ཁེལ་བྱས་པ་དང་། རོང་འབྲོག་པ་མི་ཁྲི5.6ལས་ཞུགས་བསྡུ་ལེན་བྱས། ཐོན་ལས་འཕེལ་རྒྱས་དགོས་མཁོ་ལ་དམིགས་ཏེ། རོང་འབྲོག་པ་ཁེ་ལས་རིགས་སོ་སོ་དང་། གླིང་ཁུལ། བཟོ་གྲྭ། རྣམ་གྲངས་བྱེད་ཡུལ་བཅས་སུ་བྱ་བའི་གསོ་སྦྱོང་གི་ཚབ་བྱེད་པའི་ལས་དོན་སྤེལ་བར་རྩ་འཛུགས་བྱས་ནས། གསོ་སྦྱོང་བྱེད་ཞོར་དུ་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་། གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་བྱེད་པ་མངོན་འགྱུར་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།