ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བར་འཕེལ་རྒྱས་མགྱོགས་མྱུར་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2012ལོར་ལྷ་ས་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་བོད་ལྗོངས་ཀྱི་སྐྱེ་ཁམས་གྲོང་ཚོ་དང་སྐྱེ་ཁམས་ཤང་གྲོང་འཛུགས་སྐྲུན་བྱ་བ་སྤེལ་བ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་སྣེ་ཁྲིད་ཀྱི་ནུས་བ་འདོན་སྤེལ་བྱས་ཏེ། ལྗོངས་ཡོངས་ནས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་འཛུགས་སྐྲུན་གྱི་མིང་རྟགས་ཐོབ་པའི་བསྡུར་གྲངས་ཆེས་མཐོ་བའི་གྲོང་ཁྱེར་ཡིན། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། 2019ལོའི་ལོ་མཇུག་བར་ཏུ། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཚོ(སྡོད་དམངས་ཨུ་ཡོན་ལྷན་ཁང)263དང་ཤང་གྲོང64། རྫོང(ཆུས)7གྱི་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་བྱས་ཡོད་ཟེར།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་སྐྲུན་ནི་དུས་ཡུན་རིང་ཞིང་ཁྱབ་རྒྱ་ཆེ་ལ་ལས་འགན་ལྕི་བའི་ལས་དོན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ལྷ་ས་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་ཡང་དག་དང་། བོད་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་རྒྱབ་སྐྱོར་དང་རོགས་སྐྱོར་ཆེན་པོ་དང་། རྫོང་དང་ཆུས་སོ་སོས་མཉམ་དུ་འབད་བརྩོན་བྱས་པའི་འོག ལྷ་ས་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་དང་། སྐྱེ་ཁམས་ཤང་གྲོང་། སྐྱེ་ཁམས་རྫོང་གི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། སྐྱེ་ཁམས་འཛུགས་སྐྲུན་བྱ་བར་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ལྗོངས་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་བྱ་བའི་ཁྲོད་སྔོན་གྲལ་དུ་སླེབས་ཡོད།

འགན་འཁུར་བས་གསར་འགོད་པར་བཤད་རྒྱུར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས2019ལོར་སྐོར་གསུམ་པའི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ་པ་དང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས《ལྷ་ས་གྲོང་ཁྱེར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར་འཆར་འགོད(2020—2025年)》གཏན་འབེབས་ལག་བསྟར་བྱས། ད་ལོའི་ཟླ4བར《ལྷ་ས་གྲོང་ཁྱེར་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར་སྐྲུན་པའི་བྱ་བའི་སྙན་ཞུ》སོགས་ཀྱི་སྙན་ཞུ་ཡིག་ཆ་བཟོས་ཏེ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་དོ་དམ་སྟེགས་བུའི་སྟེང་སྤྲད་དེ། བོད་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཐོག་མའི་ཞིབ་བཤེར་བྱས་ཏེ་དང་བརྡ་ཁྱབ་སྤེལ་ནས། རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར་ཡུལ་དངོས་ཞིབ་བཤེར་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས། མིག་སྔར་རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་ཞིབ་བཤེར་ལ་སྒུག་ནས་བསྡད་ཡོད།

འགན་འཁུར་མི་སྣས་བཤད་རྒྱུར། རྗེས་མར་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་བོད་ལྗོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་དོ་དམ་ལམ་ལུགས་མ་ལག་ལྟར་ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་འཛུགས་སྐྲུན་དཔེ་སྟོན་ཁུལ་གྱི་རིམ་སྤར་བྱ་བ་ལེགས་པོར་སྒྲུབ་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།