བོད་ལྗོངས་ཀྱི་དགེ་འདུན་པ12ལ་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་བསླབ་གནས་མཐོ་ཤོས་ཐོབ་པ།

1597106953197897.jpg

  དམ་བཅའ་འཇོག་པའི་ཡུལ་དངོས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི2020ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་ཐོས་བསམ་དགེ་འདུན་པར་དཔྱད་ཞིབ་བྱས་ཏེ་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་། ལག་ཁྱེར་སྤྲོད་པའི་མཛད་སྒོ་དེ2020ལོའི་ཟླ8པའི་ཚེས10ཉིན་ལྷ་ལྡན་གཙུག་ལག་ཁང་དུ་འཚོགས་པ་རེད། 

1597106967509054.jpg

རྟགས་གསལ་གཏོང་བའི་ཡུལ་དངོས།

དགེ་བཤེས་ལྷ་རམས་པ་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགེ་འདུན་པས་མདོ་སྔགས་གཉིས་ལ་ཐོས་བསམ་བྱས་པའི་བསླབ་གནས་མཐོ་ཤོས་དེ་ཡིན་པ་དང་། བསླབ་གནས་དམ་བཅའ་དེ་སྔོན་རྒྱུགས་དང་རྟགས་གསལ་དམ་བཅའ་གཉིས་སུ་དབྱེ་ཡོད། རྒྱུགས་གཉིས་ཀ་འཕྲོད་ན་ད་གཟོད་གཞི་ནས་བསླབ་གནས་ཐོབ་པ་ཡིན།

རྒྱུས་ལོན་བྱུང་བ་ལྟར་ན། 2020ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པར་དཔྱད་ཞིབ་བྱས་ཏེ་དགེ་བཤེས་ལྷ་རམས་པའི་བསླབ་གནས་ཀྱི་དབྱར་དུས་ཀྱི་སྔོན་རྒྱུགས་དེ2019ལོའི་ཟླ7པར་དགའ་ལྡན་དགོན་པར་གཟབ་རྒྱས་ངང་ཚོགས་པ་དང་ལྷ་ས་དང་། གཞིས་ཀ་རྩེ། ལྷོ་ཁ། ཆབ་མདོ། ནག་ཆུ་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་དགོན་སྡེའི་རྒྱུགས་སྤྲོད་དགེ་འདུན་པ12ལ་རྟགས་གསལ་དམ་བཅའ་གཏོང་བའི་ཐོབ་ཐང་ཐོབ་པ་རེད།

1597106991839515.jpg

བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་བསླབ་གནས་ཐོབ་པའི་དགེ་འདུན་པ་ཚོར་ཚོན་མདངས་སྣ་ལྔའི་གོས་ཆེན་འབུལབཞིན་པ།

རྟགས་གསལ་གཏོང་བའི་གོ་རིམ་ཁྲོད་དགེ་འདུན་པ་ཚོས་གཞུང་ཆེན་བཀའ་པོད་ལྔའི་སྐོར་ནས་རྟགས་གསལ་ཚ་ནན་བཏང་བ་དང་དམ་བཅའ་བའི་དགེ་འདུན་པ་ཚོས་ཀྱང་དེའི་སྐོར་གནད་དུ་ཁེལ་བའི་ལན་བཏབ་པས། མཇུག་མཐར་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་དཔྱད་བསྡུར་ནན་མོ་བྱས་པ་བརྒྱུད། བྱམས་པ་གླིང་དགོན་གྱི་ཆོས་ཀྱི་གླིང་བ་ལ་ཕུལ་དུ་བྱུང་བའི་སྦྱངས་འབྲས་ཨང་དང་པོ་ཐོབ་པ་དང་། བཀྲ་ཤིས་ལྷུན་པོ་དགོན་གྱི་བློ་བཟང་ཆོས་དབྱིངས་ལ་ཨང་གཉིས་པ་དང་། འབྲས་སྤུངས་དགོན་པའི་ངག་དབང་དཀོན་མཆོག་ལ་ཨང་གསུམ་པ། བྱམས་ཁང་དགོན་པའི་ངག་དབང་ཆོས་རྒྱལ་ལ་ཨང་བཞི་པ་བཅས་ཐོབ་ལ། ཨང་ལྔ་པ་ནས་བཅུ་གཉིས་པའི་བར་ནི་དཔའ་ཤོད་དགོན་པའི་དགའ་གསུམ་རྒྱང་གྲོང་ཚོ་དང་། སེ་ར་དགོན་གྱི་རྒྱལ་མཚན་ལུང་རྟོགས། ར་སྟོད་དགོན་གྱི་ཆོས་འཕེལ་ཆོས་བཟང་། དབྱེན་སྟོད་དགོན་གྱི་བློ་བཟང་ལེགས་བཤད། དགའ་ལྡན་དགོན་གྱི་བསྟན་འཛིན་ཆོས་འཕེལ། མདོ་མཁར་དགོན་གྱི་ཐུབ་བསྟན་ཚུལ་ཁྲིམས། རག་སྡིངས་དགོན་གྱི་བློ་བཟང་ཐུབ་རྒྱལ། འཕྱོངས་འཁོར་དགོན་གྱི་ངག་དབང་བློ་གྲོས་བཅས་རེད།   

1597107009585053.jpg

   བསླབ་གནས་ཐོབ་པའི་དགེ་འདུན་པར་མཇལ་དར་འབུལ་བ་དང་སློབ་གནས་ལག་ཁྱེར་སྤྲོད་བཞིན་པ།

བྱེད་སྒོ་སྤེལ་ཡུལ་དུ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་བསླབ་གནས་ཐོབ་པའི་དགེ་འདུན་པ་ཚོར་དར་ཚོན་སྣ་ལྔའི་གོས་ཆེན་དང་། ཤིང་ཏོག ན་བཟའ། འབུལ་རྟེན་བཅས་སྤྲད་པ་དང་། བོད་རང་སྐྱོང་ལྗོངས་ཆོས་ལུགས་ཅུའུ་ཡི་འགན་འཁུར་བས་རྟགས་གསལ་གཏོང་བའི་བྱེད་སྒོར་ཞུགས་མཁན་དགེ་འདུན་པ་ཚོར་ཞལ་འདེབས་ཕུལ་བ་མ་ཟད། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་འགན་འཁུར་བས་ཤིས་ཚིག་ཕུལ་བ་དང་འབྲེལ་བསླབ་གནས་ཐོབ་པའི་དགེ་འདུན་པ་ཚོར་མཇལ་དར་ཕུལ་བ་དང་བསླབ་གནས་ལག་ཁྱེར་སྤྲད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།