2020ལོའི་ལྷ་སའི་ཞོ་སྟོན་གྱི་བྱ་འགུལ་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས3ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས2020ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། 2020ལོའི་ཞོ་སྟོན་དུས་ཆེན་ཟླ8པའི་ཚེས19ཉིན་ནས་ཟླ8པའི་ཚེས25ཉིན་ལྷ་ས་ནས་སྤེལ་རྒྱུ་ཡིན་ཞིང་། ད་ལོའི་ཞོ་སྟོན་གྱི་བརྗོད་བྱ་ནི“སྤྲོ་སྐྱིད་ཞོ་སྟོན། བདེ་ཐང་ལྷ་ས”ཞེས་པ་དེ་ཡིན། དུས་ཆེན་གྱི་སྐབས་སུ་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་དང་། མི་རིགས་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན། སྲོལ་རྒྱུན་ཟློས་གར་དང་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན། མིག་མངས་འཁྲབ་སྟོན། གནམ་མཚོའི་རྐང་ཐང་འགྲན་བསྡུར། སྤུས་ལེགས་ཚོང་ཟོག་འགྲེམ་ཚོང་སོགས་བྱ་འགུལ་ཆེན་པོ་དགུ་སྤེལ་རྒྱུ་རེད།

ལོ་སྔོན་མ་དག་དང་བསྡུར་ན། ད་ལོའི་ཞོ་སྟོན་ལ་དམངས་ཕན་ཚོང་རྫས་གཞི་རིམ་དུ་སྐྱེལ་བའི་བྱ་འགུལ་ཇེ་མང་དུ་བཏང་ཡོད་ཅིང་། བྱ་འགུལ་སྐབས་སུ། ལྷ་ས་གྲོང་ཁྱེར་གྱིས་ཉོ་ཚོང་ཁེ་ལས་ཆེན་པོ་མངགས་གཏོང་བྱས་ཏེ་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། རྒྱུན་མཁོའི་ཚོང་ཟོག་སོགས་ཚོང་རྫས་སྣ་ཚོགས་གཅིག་གྱུར་ངང་འདམ་གཞུང་དང་སྙེ་མོ། ལྷུན་གྲུབ་བཅས་རྫོང་གསུམ་དུ་ཉོ་ཚོང་བྱེད་པར་རྩ་འཛུགས་བྱས་ཏེ། རོང་འབྲོག་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་རེད། དེ་མིན་ལྷ་ས་གྲོང་ཁྱེར་རིག་གནས་ཅུའུ་ཡི་སྣེ་ཁྲིད་དེ་ཞོ་སྟོན་སྐབས་སུ་རིག་རྩལ་འཁྲབ་སྡོན་བྱ་འགུལ་སྤེལ་ནས་རོང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར། དུས་ཆེན་སྐབས་ཀྱི་སྲོལ་རྒྱུན་ཟློས་གར་འཁྲབ་སྟོན་དང་རྫོང(ཆུས)སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་དག་ནོར་བུ་གླིང་ག་དང་། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་། སྟག་གདོང་གྲོང་ཚོ། ལྷ་ཀླུ་འདམ་རའི་སྤྱི་གླིང་། ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ། ཀྲོའུ་ཅི་ཐང་ཆེན་སོགས་གྲོང་ཁུལ་དང་མཐའ་སྐོར་གྱི་ས་གནས་མང་པོ་རུ་བཀོད་སྒྲིག་བྱས་འཁྲབ་སྟོན་བྱ་རྒྱུ་ཡིན་པས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉེན་ཁ་སྔར་ལས་ཇེ་ཆུང་དུ་གཏོང་རྒྱུ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།