ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱིའི་རིན་ཐང་སྒོར་དུང་ཕྱུར8.25ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་སྔོན་ལྷ་སའི་འགག་སྒོ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱིའི་རིན་ཐང་སྒོར་དུང་ཕྱུར8.25ལ་སླེབས། དེའི་ཁྲོད་ཕྱིར་གཏོང་སྒོར་དུང་ཕྱུར5.45ལ་སླེབས་པ་དང་། ནང་འདྲེན་སྒོར་དུང་ཕྱུར2.08ལ་སླེབས་ཏེ། ཉོ་ཚོང་དྲང་ཁྱད་སྒོར་དུང་ཕྱུར2.65ལ་སླེབས་ཡོད།

རྒྱུས་ལོན་པ་ལྟར་ན། ད་ལོའི་རིང་ལ། བོད་ལྗོངས་ཀྱི་ནང་འདྲེན་ཉོ་ཚོང་གི་མཉེན་གཤིས་ཅུང་ཆེ་བ་དང་།སྤྱིར་བཏང་གི་ཉོ་ཚོང་ལ་འདེགས་སྐྱོར་གྱི་ནུས་བ་ཐོན་ཡོད། ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྣེ་ཁྲིད་དེ་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར6.62ལ་སླེབས་ཡོད། ཆབ་མདོ་གྲོང་ཁྱེར་གྱི་འཕར་ཚད་ཆེས་མགྱོགས་པ་ཡིན། དམངས་གཉེར་ཁེ་ལས་ལ་འགྲན་རྩོད་ནུས་ཤུགས་སྟོབས་ཆེན་མངོན་ཏེ། ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱིའི་རིན་ཐང་གི83.8%ཟིན་ཡོད།

པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ལྷ་ས་འགག་སྒོས་འགག་སྒོའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་གཉིས་གཅིག་གྱུར་དམ་འཛིན་ཡག་པོ་བྱས་ཏེ། “ལྗང་མདོག་བགྲོད་ལམ”ཤར་གཏོང་དང“འབྲེལ་གཏུག་མིན་པའི་རྣམ་པ”སོགས་ཀྱི་ལྟ་སྐུལ་དོ་དམ་བྱེད་སྟངས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་བརྒྱུད། འགག་སྒོའི་ནད་ཡམས་བརྟག་ཞིབ་དང་། དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གི་ཞིབ་མཆན་འགོད་པ། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་སྔོན་གྲབས་ཞིབ་བཤེར་རྩིས་ལེན། ནེ་པ་ལས་ཀྲུང་གོར་བཏང་བའི་གཟན་རྩྭ། ཀྲུང་ལུགས་སྨན་རྩྭ་ཆོག་འཐུས་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་ནས་ལེགས་པོར་བསྒྲུབས། དུས་མཉམ་དུ། ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་སྔ་གཞུག་ཏུ་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བའི་རྒྱབ་སྐྱོར་བྱེད་ཐབས་དང་། བོད་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་ཕྱི་ཕྱོགས་མ་དངུལ་བརྟན་གཏོང་གི་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་འགའ་བཏོན་པ་དང་། ལྷག་པར་དུ“10+7”ཡི་ཕྱི་ཕྱོགས་ཚོང་དོན་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་སོ་སོ་དམ་འཛིན་ནན་མོ་བྱས་ཏེ། ཕྱོགས་ཡོངས་དང་ཞིབ་ཚགས་ཅན་གྱི་སྒོ་ནས་ཕྱི་ཕྱོགས་ཉོ་ཚོང་གི་ཁེ་ལས་བསྐྱར་དུ་ཐོན་སྐྱེད་བྱེད་པར་རྒྱབ་སྐྱོར་བྱས་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།