བོད་ལྗོངས་ཀྱི་འོད་ཤུགས་ནུས་གསོག་རྣམ་གྲངས་ཆེ་ཤོས་ལས་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ཚོགས་པ་ནས་རྒྱུས་ལོན་པ་ལྟར་ན། ཧྲུའེ་ཧྥ་སྡེ་ཚོགས་ཀྱིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པའི་ཀྲའོ་ཝ50ཅན་གྱི་ འོད་ཤུགས+ནུས་གསོག་གི་ཕྱོགས་བསྡུས་ནུས་ཁུངས་དཔེ་སྟོན་རྣམ་གྲངས་དངོས་སུ་ལས་འགོ་བརྩམས་པ་རེད། རྣམ་གྲངས་དེ་ནི་ཧྲན་ཏུང་བོད་སྐྱོར་གྱིས་ནང་འདྲེན་བྱས་པའི་དངུལ་གཏོང་ཆེས་མང་བའི་རྣམ་གྲངས་ཤིག་ཡིན་ལ། ཧྲན་ཏུང་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་བོད་ལྗོངས་ནས་མ་དངུལ་བཏང་བའི་རྣམ་གྲངས་ཐོག་མའང་ཡིན་ཏེ། རྣམ་གྲངས་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་དེ་བོད་ལྗོངས་ཀྱི་ཆེས་ཆེ་བའི་འོད་ཤུགས་ནུས་གསོག་རྣམ་གྲངས་སུ་གྱུར་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཧྲན་ཏུང་བོད་སྐྱོར་གྱིས་ནང་འདྲེན་བྱས་པའི་ཀྲའོ་ཝ50ཅན་གྱི་ འོད་ཤུགས+ནུས་གསོག་གི་ཕྱོགས་བསྡུས་ནུས་ཁུངས་དཔེ་སྟོན་རྣམ་གྲངས་ཀྱི་གཞི་ཁྱོན་མུའུ1646ཟིན་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར4.5བཏང་ཡོད། ད་ལོའི་ཟླ10བའི་ཟླ་མཇུག་ཏུ་ལས་གཞི་ལེགས་འགྲུབ་འབྱུང་རྩིད་ཡོད་དེ། ལོ་མཇུག་སྔོན་དུ་གློག་འདོན་ཐུབ་རྒྱུ་རེད། རྣམ་གྲངས་ལེགས་འགྲུབ་འབྱུང་རྗེས་ལོ་རེར་གློག་སྟོང་ཝ་དུང་ཕྱུར1ལྷག་འདོན་ཐུབ་པས་ཚད་གཞི་ཏུན་ཁྲི3.06་གི་རྡོ་སོལ་གྲོང་ཆུང་བྱེད་ཐུབ་ལ། དྲོད་ཁང་གི་རླུང་གཟུགས་ཏུན་ཁྲི8.47འབུད་ཚད་ཇེ་ཉུང་དུ་གཏོང་ཐུབ་པས། གཞིས་ཀ་རྩེར་སྔར་ལས་དྭངས་གཙང་དང་བློས་འཁེལ་བའི་གློག་ཤུགས་མཁོ་འདོན་བྱ་རྒྱུ་དང་ཆབས་ཅིག་བོད་ལྗོངས་ཀྱི་གློག་དྲའི་རྩེ་མོར་ལེགས་སྒྲིག་དང་། འགུལ་ཚད་ལེགས་སྒྲིག བཀོད་གཏོང་བཅས་ལ་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།

“ཧྲན་ཏུང་བོད་སྐྱོར་གྱིས་འཕེལ་རྒྱས་ཀྱི་གཏིང་ཤུགས་ལ་དམིགས་ནས་ཐོན་ལས་བོད་སྐྱོར་གཏིང་ཟབ་ཏུ་བཏང་ཞིང་། ལྷག་པར་དུ་ཚོང་འགུགས་དངུལ་འདྲེན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ལེགས་ཆ་ལྡན་པའི་ཐོན་ཁུངས་དང་། ཞན་ཆ་གསབ་པ། འབྲེལ་ཐག་སྣུར་སྲིང་། གསར་གཏོད་འཕེལ་རྒྱས། ཚན་རྩལ་འདེགས་སྐྱོར་སོགས་ལ་གཙོ་གནད་དུ་དམིགས་ནས‘མི་སྣ་ཡོངས་དང་རྒྱུ་རྐྱེན་གཙོ་བོ་ཚང་མ’ཚོང་འགུགས་བྱས་ཡོད། ཅེས་ཧྲན་ཏུང་ཞིང་ཆེན་གྱི་སྐོར་དགུ་བའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྣེ་ཁྲིད་པ་མཱ་ཅིན་ཏུང་གིས་དེ་ལྟར་ངོ་སྤྲོད་བྱས། ད་ལོའི་ཟླ5བར་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ཚོགས་པས་ད་དུང་ཆེད་དུ་ཧྲན་ཏུང་དུ་ལོག་ནས་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས30ལྷག་ལ་ཚོང་འགུགས་བྱས་པ་རེད། ཧྲུའེ་ཧྥ་སྡེ་ཚོགས་ཕུད་པ་ལས་གཞན་ད་དུང་ཆིང་ཏའོ་སྦི་རག་དང་ཀྲེང་ཏ་སྡེ་ཚོགས་སོགས་ཁེ་ལས5དང་མཉམ་ལས་གྲོས་མཐུན་བཞག་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།