བོད་ལྗོངས་དམག་བསྡུ་གཞུང་ལས་ཁང་གིས་ལྷ་ས་གྲོང་ཁྱེར་དུ་དམག་བསྡུའི་སྐོར་གྱི་ལས་དོན་གཅིག་སྡུས་ངང་དྲིལ་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས1ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་དམག་བསྡུ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀྲང་ཡུང་ཙེས་རུ་སྣེ་ཁྲིད་ནས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་2020ལོའི་རང་སྐྱོང་ལྗོངས་ཀྱི་དམག་བསྡུའི་གཅིག་སྡུད་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོར་ཞིབ་བཤེར་མཛུབ་ཁྲིད་གནང་བ་རེད། བོད་དམག་ཁུལ་ཁང་གི་སི་ལིན་ཡོན་གཞོན་པ་ངག་དབང་བསོད་ནམས་དང་། བོད་དམག་ཁུལ་ཁང་གི་ཚན་མོའུ་ཀྲང་གཞོན་པ་ལིའུ་ཙེ་ཧུང་། བོད་དམག་ཁུལ་ཁང་གི་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་གཞོན་པ་ངག་དབང་བཅས་མཉམ་དུ་ཕེབས་པ་རེད།

ཞིབ་བཤེར་ཚོགས་ཆུང་དང་བཅས་པས2020ལོའི་དམག་བསྡུའི་ལས་དོན་སྒྲུབ་ཚུལ་དང་དམག་བསྡུའི་དྲིལ་བསྒྲགས་ཀྱི་ཁྱབ་ཁྱོན་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་། དམག་བསྡུའི་དྲིལ་བསྒྲགས་ནི་དམག་བསྡུའི་ལས་དོན་ཁྲོད་ཀྱི་ནུས་པ་གལ་ཆེན་ཡིན་པ་སྔར་བས་ནན་བཤད་བྱས་ནས་དམག་བསྡུའི་དྲིལ་བསྒྲགས་ལས་དོན་གང་ལེགས་བསྒྲུབས་ཏེ་བྱས་རྗེས་འཇོག་འདོད་པའི་ན་གཞོན་སྔར་བས་མང་པོ་དམག་སྒར་དུ་བསྐྱོད་ནས་རྒྱལ་སྲུང་སྟོབས་ཤུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བསྟན་ཡོད།

དྲིལ་བསྒྲགས་ས་ཚིགས་སུ་ཞིབ་བཤེར་ཚོགས་ཆུང་གིས་དྲིལ་བསྒྲགས་དཔྱད་ཡིག་ནན་ཏན་ངང་བཀླགས་ནས་དྲིལ་བསྒྲགས་འགྲེམས་པང་གི་ནང་དོན་ལ་ལྟ་བཤེར་ཞིབ་ཕྲ་བྱས་པ་མ་ཟད། 2020ལོའི་དམག་བསྡུའི་ལས་དོན་སྒྲུབ་ཚུལ་སྐོར་ལ་དྲིལ་བསྒྲགས་མི་སྣ་དང་སྤེལ་རེས་བྱས་ཤིང་། དྲིལ་བསྒྲགས་མི་སྣར་དམག་བསྡུའི་དྲིལ་བསྒྲགས་དང་འགྲེལ་བཤད་ལས་དོན་ངང་རྒྱུད་རིང་པོ་དང་ཞིབ་ཚགས་ངང་བསྒྲུབས་ནས་སྤྱི་ཚོགས་ཡོངས་སུ“མི་གཅིག་དམག་ལ་ཞུགས་ན། ཁྱིམ་ཡོངས་གཟི་བརྗིད་ཆེ་བའི”རྣམ་པ་བཏོད་དེ་རྒྱ་ཆེའི་མང་ཚོགས་ལ་དམག་དཔུང་དུ་ཞུགས་པའི་གཟི་བརྗིད་ཚོར་དུ་འཇུག་རྒྱུའི་བླང་བྱ་བཏོན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2020ལོའི་རང་སྐྱོང་ལྗོངས་དམག་བསྡུ་གཞུང་ལས་ཁང་གིས་ལྷ་ས་གྲོང་ཁྱེར་དུ་དམག་བསྡུའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོའི་དུས་ཚོད་ཟླ7པའི་ཚེས27ཉིན་ནས་ཟླ8པའི་ཚེས2ཉིན་བར་གྱི་ཉིན7རིང་སྤེལ་ཡོད་ཅིང་། ནང་དོན་ཐད་དྲིལ་བསྒྲགས་ཁྲོམ་གཞུང་དང་དྲིལ་བསྒྲགས་ས་ཚིགས་ཀྱི་བྱེད་སྒོ་ཚུད་པ་དང་། དྲིལ་བསྒྲགས་འཁོར་རིགས་སོགས་ལ་བརྟེན་ཏེ་སྐོར་སྐྱོད་དང་ཕྱི་རོལ་དུ་དྲིལ་བསྒྲགས་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།