ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུད་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་སྤྱི་ཟླ་དྲུག་པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་ཁྲོམ་རའི་བྱེད་པོ་ཁྲི་ཚོ34ལྷག་ཙམ་ཟིན་པ་དེ་ན་ནིང་གི་དུས་མཚུངས་པ་ལས་ཁྲི6.3འཕར་ཡོད་པ་དང་། ཐོ་འགོད་མ་རྩ་སྒོར་དུང་ཕྱུར་ཁྲི1.7443ལྷག་ཟིན་པ་དེ་དུས་མཚུངས་པ་ལས་སྒོར་དུང་ཕྱུར3620ལྷག་ཙམ་འཕར་ཡོད།
ཁྲོམ་རའི་བྱེད་པོའི་ཐོ་འགོད་ཐད་སྔར་བས་སྟབས་བདེ་སྐྲུན་ཆེད། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུད་ནས་དྲ་ཐོག་ཐོ་འགོད་སྟེགས་བུའི་མ་ལག་གི་ནུས་པ་ཆེ་རུ་བཏང་སྟེ། དྲ་ཐོག་རེ་ཞུ་དང་བདག་སྤྲོད། ཞིབ་དཔྱད། ལག་ཁྱེར་སྤྲོད་པ་སོགས་ཀྱི་ལས་ཀར་སྐུལ་འདེད་བཏང་ཡོད་པ་དང་། དེང་སྐབས་ཁེ་ལས་ཀྱི་ལས་སྒོ་ཁག་དྲ་ཐོག་ནས་གཉེར་སྒྲུབ་བྱེད་ཚད་བརྒྱ་ཆ95ཟིན་གྱི་ཡོད།
པྲོག་གསར་གློ་ཚད་ནད་ཡམས་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ཁག་ལ་གཅིག་འགྱུར་འཆར་འགོད་ཐོག་ནས་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུད་ཀྱིས་ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་གཞོགས་འདེགས་ཧུར་ཐག་བྱས་ནས། མང་ཚོགས་དང་ཁེ་ལས་ལ་ཕན་པའི་ཞབས་ཞུའི་བྱ་ཐབས11བཏོན་ཏེ་ཐོ་འགོད་ཞབས་ཞུ་ལེགས་སུ་གཏོང་བ་དང་དྲ་ཐོག་གཉེར་སྒྲུབ་སོགས་ཀྱི་ནུས་ལྡན་བྱ་ཐབས་བཟུང་ཞིང་། རྒྱང་ཁྲིད་བཀོལ་སྤྱོད་བྱ་ཐབས་བརྒྱུད་ཁྲོམ་རའི་བྱེད་པོར་དྲ་ཐོག་གཉེར་སྒྲུབ་སོགས་ཀྱི་ཞབས་ཞུ་སྒྲུབ་ཡོད་པས། ཀུན་གྱིས་བྱ་གཞག་གཏོད་པའི་ཧུར་སེམས་དང་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱས་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཡོངས་སུ་ཁྲོམ་རའི་བྱེད་པོ་ཁྲི34ལྷག་ཡོད་པ་རེད།