ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས22ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུ་རྩ་འཛུགས་པུས་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ནོར་དོན་ལས་དོན་ཚད་ལྡན་དུ་གཏོང་ཆེད། གཞི་རིམ་རྩ་འཛུགས་སྒྲིག་གཞིར་ནོར་སྲིད་དང་དཔལ་འབྱོར་གྱི་སྲིད་གཙང་ཉེན་ཁར་དོགས་ཟོན་ནུས་ལྡན་བྱེད་པར་རོགས་རམ་བྱ་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུ་རྩ་འཛུགས་པུས་ཉེ་ཆར་ལྷ་ས་ནས་ལྗོངས་ཡོངས་ཀྱི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ནོར་དོན་རྩིས་གཉེར་མི་སྣའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་བསྡུས་པ་རེད།
ཐེངས་འདིའི་གསོ་སྦྱོང་ལ་བོད་ལྗོངས་ས་ཁུལ་དང་གྲོང་ཁྱེར་བདུན་ནས་ཡོང་བའི་འཕེལ་རྒྱས་ཅུང་མགྱོགས་པ་དང་། མ་དངུལ་གྱི་གཞི་ཁྱོན་ངེས་ཅན་ལྡན་པའི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ནོར་དོན་རྩིས་གཉེར་མི་སྣ100ཞུགས་ཡོད་ཅིང་། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་འབྲེལ་ཡོད་ལས་བྱེད་མི་སྣའང་སློབ་སྦྱོང་ཁྲོད་ཞུགས་ཡོད།
བོད་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་ལ་བོད་སྐད་ཀྱིས་སློབ་ཁྲིད་བྱས་ཤིང་། གཞི་རིམ་གྱི་གནས་ཚུལ་རྒྱུས་མངའ་ཆེ་བ་དང་ནོར་དོན་ལས་དོན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཆེད་མཁས་པ་དང་མཁས་དབང་གདན་དྲངས་ནས་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་དང་། ནོར་རྩིས་རྨང་གཞིའི་ཤེས་བྱ། ནོར་དོན་ཉེན་ཁ་སྔོན་འགོག་བཅས་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ལ་ཆེད་དོན་ཟུར་ཁྲིད་བྱས་པ་རེད།
དེ་དང་ཆབས་ཅིག་སློབ་མ་རྩ་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དང་། གདོང་དཀར་གྲོང་རྡལ་རོང་འབྲོག་པའི་སྐྱེལ་འདྲེན་བཟོ་སྐྲུན་ཆེད་ལས་མཉམ་ལས་ཁང་། བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་། ལྷ་ས་གྲོང་ཁྱེར་སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད། སློབ་མ་ཚོས་ད་དུང་བོད་ལྗོངས་ཀྱི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ནོར་དོན་ལས་དོན་ལ་ཤུགས་སྣོན་དང་ཇི་ལྟར་ཇེ་ལེགས་སུ་གཏོང་རྒྱུར་དམིགས་ནས་ཚོགས་ཆུང་བགོས་ཏེ་གྲོས་བསྡུར་བྱས།
བོད་རང་སྐྱོང་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སློབ་སྦྱོང་བྱས་པ་བརྒྱུད། གསོ་སྦྱོང་ནང་ཞུགས་པའི་སློབ་མས་ནོར་དོན་ཤེས་བྱ་དང་ནོར་དཔལ་སྒྲིག་ཁྲིམས་སྔར་ལས་ཁོང་དུ་ཆུད་པ་དང་། ནོར་དོན་བྱ་བའི་མཐའ་ཚད་དང་དམར་ཐིག་སྔར་ལས་གསལ་བོ་བཟོས་ཡོད་པ་དང་། བོད་ལྗོངས་ཀྱི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད།
གསོ་སྦྱོང་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་ཆེད། བོད་ལྗོངས་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རེས་འཁོར་གསོ་སྦྱོང་བྱ་བར་བཀོད་སྒྲིག་བྱས་ཡོད་ཅིང་། 2020ལོའི་ཟླ11པའི་ཚེས30ཉིན་སྔོན་དུ་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ནོར་དོན་རྩིས་གཉེར་མི་སྣའི་རེས་འཁོར་གསོ་སྦྱོང་བྱ་བ་ལེགས་འགྲུབ་བྱ་རྩིས་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཀྱིས་རོང་འབྲོག་པའི་ཆེད་ལས་མཉམ་ཁང་གི་ནོར་དོན་རྩིས་གཉེར་མི་སྣའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་བསྡུས།