མངའ་རིས་ས་ཁུལ་གྱིས་བདེ་ཐང་དབུལ་སྐྱོར་དམངས་ཕན་བཟོ་འགོད་བྱ་བར་སྐུལ་འདེད་ཏན་ཏིག་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མངའ་རིས་ས་ཁུལ་གྱིས་བསྟུད་མར་སྨན་བཅོས་རོགས་སྐྱོར་ལས་དོན་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་བདེ་ཐང་དབུལ་སྐྱོར་དམངས་ཕན་བཟོ་འགོད་བྱ་བར་སྐུལ་འདེད་བཏང་བ་དང་། དབུལ་ཕོངས་མང་ཚོགས་ཀྱིས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་པར་འགན་སྲུང་བྱས་ལ། ནད་ཀྱི་དབང་གིས་དབུལ་བོར་གྱུར་བར་སྔོན་འགོག་བྱས་ཏེ། མངའ་རིས་ས་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

 ད་ལོའི་རིང་མངའ་རིས་ས་ཁུལ་གྱིས་བསྡོམས་པས་ནད་ཆེན་ཕོག་པའི་མི225ལ་སྐྱོབ་བཅོས་བྱས་པ་དང་། གཅོང་ནད་ཕོག་པའི་མི529དང་ནད་ལྗིད་མོ་ཕོག་པའི་མི10བཅས་ལ་སྨན་བཅོས་བྱས་ནས། སྐྱོབ་བཅོས་བྱེད་ཚད100%ལ་སླེབས་ཡོད། རྫོང་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོས་རང་མོས་ངང་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ཁྲོད་ཞུགས་པའི་བྱ་བ་དངོས་འབེབས་བྱས་ནས། ཡིག་ཚགས་དང་བྱང་བུ་བཟོས་པའི་མང་ཚོགས་དབུལ་བོའི་ནད་པར་གན་རྒྱ་འཇོག་ཚད་ཕྱོགས་ཡོངས་ལ་ཁྱབ་ཡོད། ད་ལོའི་རིང་ལ་གཅོང་ནད་ཕོག་པའི་མི9240ལ་གན་རྒྱ་བཞག་པ་དང་། མཁར་གྲོང་སྡོད་དམངས་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན7241ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱས་པ་རེད། 《མངའ་རིས་ས་ཁུལ་གྱི2020ལོའི་གཞི་རིམ་གྱི་སྐོར་སྐྱོད་སྨན་བཅོས་ཀྱི་སྨན་བཅོས་ཞབས་ཞུའི་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བའི་ལག་བསྟར་ཇུས་གཞི》བཟོས་ནས་འགྲེམས་སྤེལ་བྱས་ཤིང་། གཞི་རིམ་གྱི་སྐོར་སྐྱོད་ནད་བརྟག་སྨན་བཅོས་རྫོང7ཚང་མར་ཁྱབ་པར་བྱས་ནས་གཞི་རིམ་གྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་ནུས་པ་དང་ལས་ཕྱོད་ཆེ་རུ་བཏང་ཡོད། སྨན་བཅོས་འགན་འཁྲིའི་ཚོགས་པ41བཙུགས་ཏེ། བསྡོམས་པས་མི3425ལ་སྐོར་སྐྱོད་སྨན་བཅོས་བྱས་པ་དང་། མི1400ལ་གཟུགས་པོར་བརྟག་དཔྱད་བྱས་ལ། མི4450ལ་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་བཅས་བྱས་པ་རེད།

རྒྱལ་ཡོངས་ཀྱི་རིམ་པ་གསུམ་པའི་ཚོགས་སྒྲིག་རྣམ་པའི་ཁ་གཏད་བོད་སྐྱོར་ལས་དོན་དང་སྦྲེལ་ཏེ། རྫོང7གྱི་སྨན་ཁང་གིས་བསྡོམས་པས་བོད་སྐྱོར་སྨན་བཅོས་ཆེད་མཁས་པ41མངག་གཏོང་བཅའ་སྡོད་བྱས་ཡོད་ལ། མིག་སྔར་ཡོངས་རྫོགས་ལས་གནས་སུ་འབྱོར་ཏེ་ནུས་བ་འདོན་སྤེལ་བྱེད་བཞིན་ཡོད། དེ་མིན་མུ་མཐུད་དུ་བོད་ལྗོངས་མི་དམངས་སྨན་ཁང་དང་། བོད་ལྗོངས་སྨན་རྩིས་ཁང་། མི་དམངས་སྨན་ཁང་གསུམ་པ། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བཅས་བོད་ལྗོངས་ཀྱི་རིམ་པ་གསུམ་པའི་སྨན་ཁང4ཡི་ཁ་གཏད་བོད་སྐྱོར་ལས་དོན་ལག་བསྟར་བྱས་ནས། བསྡོམས་པས་མི24ཤང་གྲོང་གི་འཕྲོད་བསྟེན་ཁང་དུ་བཅའ་སྡོད་བྱས་ཡོད་པ་མ་ཟད། སྨན་པ་ཁྲི་ལྷག་གཞི་རིམ་དུ་བསྐྱོད་པའི་རྣམ་གྲངས་ལ་སྐུལ་འདེད་བཏང་སྟེ། སྨན་བཅོས་མི་སྣ8ལས་གནས་སུ་འབྱོར་ཡོད།

གཙང་སེལ་བྱ་སྤྱོད་སྤེལ་བ་བརྒྱུད། མངའ་རིས་ས་ཁུལ་གྱིས་རྫོང་རེར་མ་མཐར་ཡང་གཞུང་གཉེར་སྨན་ཁང་རེ་ཡོད་པ་དང་། ཤང་གྲོང་རེ་རེར་སྲིད་གཞུང་གིས་གཉེར་བའི་འཕྲོད་བསྟེན་ཁང་རེ་ཡོད་པ། སྲིད་འཛིན་གྲོང་ཚོ་རེ་རེར་འཕྲོད་བསྟེན་ཁང1བཙུགས་ཡོད་པའི་བྱ་བའི་དམིགས་འབེན་མངོན་འགྱུར་བྱས་ཏེ། གཞི་རིམ་མང་ཚོགས་ཀྱི་སྨན་བཅོས་བདེ་ཐང་ཆུ་ཚད་མཐོར་འདེགས་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།