བྲག་ཡིབ་ཆུས་མི་སྤྱི་ཅུས་ཀྱིས“ཐག་གཅོད་ནུས་ལྡན་བདུན”ལ་བརྟེན་ནས་ཞིང་འབྲོག་པར་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་བྲག་ཡིབ་ཆུས་མི་སྤྱི་ཅུས་ཀྱིས་ཞིང་འབྲོག་པ་གསོ་སྦྱོང་གི་ལས་དོན་ཤུགས་ཆེན་སྤེལ་བ་དང་། ཞིང་འབྲོག་པའི་གསོ་སྦྱོང་གནད་དུ་འཁེལ་ཚད་སྔར་བས་མཐོ་རུ་གཏོང་བ། ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཞིང་འབྲོག་ཁུལ་གྱི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་རྒྱུའི་འགན་ལེན་བྱས་པ་རེད།

གྲོང་ཚོར་བསྐྱོད་དེ་གསོ་སྦྱོང་བྱས་ནས་བཟོ་པ་གསོ་སྦྱོང་དང་ཞིང་པ་གསོ་སྦྱོང་དབར་གྱི་འགལ་བ་ཐག་གཅོད་ནུས་ལྡན་བྱས་པ། གསོ་སྦྱོང་བྱེད་ཡུན་རིང་རྐྱེན་ཞིང་འབྲོག་པས་ཁྱིམ་ཚང་སྐྱོང་རྒྱུར་འཐུས་ཤོར་སོང་བ་དང་ཞིང་ལས་ལ་ཤུགས་རྐྱེན་ཕོག་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། བྲག་ཡིབ་ཆུས་མི་སྤྱི་ཅུས་ཀྱིས་ཞིང་འབྲོག་པའི་སྒོ་རྩར་གསོ་སྦྱོང་བྱས་ནས། ཁོང་ཚོའི་སེམས་ཁྲལ་བསལ་བ་རེད།

མངགས་ཐོ་རྣམ་པའི་གསོ་སྦྱོང་བྱས་ནས་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ། “ས་ངན”གྱི་གནས་སྤོས་མི་སྣའི་གསོ་སྦྱོང་རེ་འདོད་ལྟར། བྲག་ཡིབ་ཆུས་ཀྱི་མངགས་ཐོ་རྣམ་པའི་བདེ་སྲུང་བ་གསོ་སྦྱོང་དུས་ཐེངས་དང་པོ་བྱས་པའི་ནང་ས་ངན་ཡུག་ཁུལ་གྱི་གནས་སྤོས་མི་སྣ30ཞུགས་ཡོད་པ་དང་། གསོ་སྦྱོང་རྒྱུགས་འབྲས་ཚད་ལོན་རྗེས་ལས་ཞུགས་བྱེད་འདོད་ཡོད་རིགས་ལྷ་ས་དང་ཉིང་ཁྲི་སོགས་སུ་ཐད་ཀར་ལས་ཞུགས་ཐུབ་པར་བྱས་ཡོད། མིག་སྔར། ས་ངན་གྱི་གནས་སྤོས་མི་སྣ307ལ་ཉེར་སྤྱོད་ལག་རྩལ་དང་། བདེ་སྲུང་། ལྡུག་འཁོར་སོགས་ཀྱི་གསོ་སྦྱོང་བྱས་པ་རེད།

ལས་ཐོག་རྣམ་པའི་གསོ་སྦྱོང་བྱས་ནས་ཁེ་ལས་ཀྱིས་ལས་མི་བསྡུ་དཀའ་བ་དང་ཞིང་འབྲོག་པའི་ལས་ཀ་བརྟན་པོ་མེད་པའི་དཀའ་གནད་ཐག་གཅོད་ནུས་ལྡན་བྱས་པ། ཁེ་ལས་ཀྱིས་བསྡུས་པའི་ལས་མིར་ལག་རྩལ་ལྡན་པ་དང་ཞིང་འབྲོག་པའི་ལས་ཀ་བརྟན་པོ་ཡོང་རྒྱུ་གསོ་སྦྱོང་གི་དམིགས་ཚད་དུ་བཟུང་ནས། ཁེ་ལས་ཁག་གི་ལས་ཐོག་ཏུ་ཡོད་མུས་ཀྱི་ཞིང་འབྲོག་པ་ལས་མིའི་ལས་རིགས་རྩལ་ནུས་ཆེ་རུ་བཏང་སྟེ། ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་བ་རེད།

ལས་ཞུགས་གསོ་སྦྱོང་བྱས་ནས་མང་ཚོགས་ཁག་ཅིག་གི་ལས་ཞུགས་གཞན་སྒྱུར་ཐད་ཀྱི་རྙིང་ཞེན་བག་འཁུམ་གྱི་བསམ་བློ་ཐག་གཅོད་ནུས་ལྡན་བྱས་པ། ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྦྱོང་བྱས་ནས་ལས་གཏོད་བྱས་པ་བརྒྱུད། མི་སྔར་བས་མང་པོ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་དང་། གྲོང་གསེབ་དར་རྒྱས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད། གསོ་སྦྱོང་བྱས་པའི་ཞིང་འབྲོག་པའི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་ཕྱུག་འགྱུར་སྣེ་ཁྲིད་པའི་ལས་ཀ་བྱེད་སྟངས་ལ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་དེ། ཁོང་ཚོའི་བློ་སྒོ་འབྱེད་པ་དང་བསམ་བློར་འགྱུར་ལྡོག་བཏང་ནས་རང་འགུལ་ངང་ལས་གཏོད་བྱེད་དུ་བཅུག་པ་རེད།

གསོ་སྦྱོང་དང་ཏང་གི་བཀའ་དྲིན་དྲན་རྒྱུ་ཟུང་འབྲེལ་བྱེད་པའི་སློབ་གསོ་སྤེལ་ནས། ཞིང་འབྲོག་པ་ཁག་གཅིག་གིས་གསོ་སྦྱོང་ལ་སྣང་ཆེན་མི་བྱེད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ། གསོ་སྦྱོང་གི་འགྲོ་གྲོན་མི་བསྡུ་བ་མ་ཟད། ད་དུང་ལྟོ་ཆས་དང་ཞག་སྡོད་བྱེད་ས་ཡང་ཐག་གཅོད་བྱས་པ་དང་། ཐ་ན་ལས་ཀ་ཡང་ཐད་ཀར་བཀོད་སྒྲིག་བྱས་པ་རེད། གསོ་སྦྱོང་བྱེད་རིང་། དགེ་རྒན་གདན་དྲངས་ནས་ཏང་གི་བཀའ་དྲིན་དྲན་པ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཆེད་དོན་སློབ་ཚན་ཁྲིད་དེ། ཞིང་འབྲོག་པར་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་རེད།

གསོ་སྦྱོང་བྱ་རྒྱུ་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་བྱས་ནས། ཞིང་འབྲོག་མང་ཚོགས་ཐག་ཉེ་སར་ལས་ཞུགས་དཀའ་བ་དང་ཞིང་འབྲོག་པའི་ཁྲོད་ཆེད་ལས་ལག་རྩལ་པ་ཉུང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ། བྲག་ཡིབ་ཆུས་ཀྱི་ཐོན་ལས་འཕེལ་རྒྱས་དང་ཟུང་འབྲེལ་བྱས་པ་དང་། ལྷག་པར་དུ་ཡུལ་སྐོར་ལས་རིགས་དང་བོད་ཕག་གསོ་ཚགས་ཐོན་ལས་ལ་དམིགས་སའི་རང་བཞིན་ལྡན་པའི་གསོ་སྦྱོང་བྱས་ནས། ཞིང་འབྲོག་པ་ཐག་ཉེ་སར་ལས་ཞུགས་ཐུབ་པར་བྱས་པ་རེད།

ཟླ་བཞི་པའི་ཟླ་མཇུག་བར། བྲག་ཡིབ་ཆུས་ཀྱི་ཞིང་འབྲོག་པ2067ལས་ཞུགས་གཞན་སྒྱུར་ཐུབ་ནས་ལོ་འཁོར་དམིགས་ཚད་ཀྱི51%ལེགས་སྒྲུབ་བྱས་པར། འབབ་འཕར་སྒོར་ཁྲི416བྱུང་ནས་ལོ་འཁོར་དམིགས་ཚད་ཀྱི12%ལེགས་འགྲུབ་བྱུང་བ་དང་། ཞིང་འབྲོག་པའི་གསོ་སྦྱོང་སྣ་ཚོགས་དུས་ཐེངས8གཉེར་ནས་ཞིང་འབྲོག་པ433ལ་གསོ་སྦྱོང་བྱས་ཏེ་ལོ་འཁོར་དམིགས་ཚད་ཀྱི27%ལེགས་སྒྲུབ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།