བོད་ལྗོངས་ཀྱི་ཁྱིམ་ཚང་དབུལ་བོ་ཁྲི16.4ཡི་སྡོད་ཁང་བདེ་འཇགས་དང་འགན་སྲུང་ཡོད་པའི་ཞིབ་བཤེར་ལེགས་འགྲུབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་བོད་ལྗོངས་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཟླ6པའི་ཟླ་མཇུག་བར་དུ། བོད་ལྗོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ་ཁྲི16.4261ཡི་སྡོད་ཁང་བདེ་འཇགས་དང་འགན་སྲུང་ཡོད་པའི་ཞིབ་བཤེར་རྩིས་ལེན་ལས་དོན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་།

བོད་ལྗོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཆེད། བོད་ལྗོངས་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན་གྱིས་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་དང་མཉམ་དུ་བཀོད་སྒྲིག་ཞིབ་ཚགས་དང་གཅིག་བསྡུས་མཁྲེགས་གཏོར་བྱས་ཏེ། རིམ་པ་སོ་སོའི་སྡོད་ཁང་འཛུགས་སྐྲུན་དང་། དབུལ་སྐྱོར། གྲོང་ཚོའི“ཨུ་ཡོན་ལྷན་ཁང་གཉིས”དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་དང་ཁྱིམ་ཚང་དུ་བསྐྱོད་དེ་ཉིན་མཚན་མེད་པར་འབད་བརྩོན་བྱས་ནས། “ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པའི”རྩ་དོན་རྒྱུན་འཁྱོངས་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ་ཁྲི16.4261གི་སྡོད་ཁང་བདེ་འཇགས་ཞིབ་བཤེར་ལས་དོན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་པ་རེད། 

རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚེས11ཉིན་བོད་ལྗོངས་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན་གྱིས་ལྗོངས་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྡོད་ཁང་བདེ་འཇགས་འགན་སྲུང་གི་ཁྱིམ་ཚང་དུ་བསྐྱོད་དེ་ཞིབ་བཤེར་ལས་དོན་བཀོད་སྒྲིག་དང་ཞིབ་བཤེར་མ་ལག་བཀོལ་སྤྱོད་གསོ་སྦྱོང་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས། ལྗོངས་ཡོངས་ཀྱི་སྡོད་ཁང་འཛུགས་སྐྲུན་མ་ལག་དང་། ཤང་དང་གྲོང་རྡལ་གྱི་འགན་འཁུར་བ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག གྲོང་ཚོའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་ཁོངས་མི་སོགས་ལ་གསོ་སྦྱོང་བྱས། གྲོང་ཁྱེར་དང་ས་ཁུལ་སོ་སོས་ཡུལ་དངོས་སུ་དཔེ་སྟོན་དང་གཅིག་བསྡུས་གསོ་སྦྱོང་སོགས་ཀྱི་རྣམ་པའི་ཐོག་ནས་ཛ་དྲག་དང་གོ་རིམ་ལྡན་པའི་ཞིབ་བཤེར་ལས་དོན་སྤེལ་བ་རེད།

བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་ཞིབ་བཤེར་མི་སྣས་དཀའ་ངལ་ཁྱད་དུ་སེལ་ཏེ་གྲོང་ཚོ་དང་ཁྱིམ་ཚང་རེ་རེ་བཞིན་ཆད་ལུས་མེད་པར་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོའི་སྡོད་ཁང་བདེ་འཇགས་འགན་སྲུང་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཚགས་བྱས་པ་རེད། ཟླ6པའི་ཚེས11ཉིན་ནས་ཟླ6པའི་ཚེས29ཉིན་བར། ཤང་གྲོང་དང་གྲོང་ཚོའི(སྡོད་དམངས་ཨུ་ཡོན་ལྷན་ཁང)ལས་བྱེད་པས་ཉིན18ལ་བསྟུད་མར་ཉིན་མཚན་མེད་པར་འབད་འཐབ་བྱས་པ་དང་ལས་དུས་འཕར་མ་བྱས་ནས་ཆ་འཕྲིན་ཞིབ་དཔྱད་བྱས། རིམ་པ་སོ་སོའི་སྡོད་ཁང་འཛུགས་སྐྲུན་དང་། དབུལ་སྐྱོར། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ཡོན་ལྷན་ཁང་གཉིས”བཅས་ཀྱིས་མཉམ་དུ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ་ཁྲི16.4261ལ་ཞིབ་བཤེར་བྱེད་པའི་ལས་དོན་གཏན་འབེབས་ཀྱི་དུས་ཡུན་ནང་ལེགས་འགྲུབ་བྱུང་ནས། སྤེལ་ལ་ཉེ་པའི་རྒྱལ་ཁབ་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་ཡོངས་ཁྱབ་ཞིབ་བཤེར་ལ་རྨང་གཞི་བརྟན་པོ་བཏིང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།