བོད་ལྗོངས་ཀྱིས་དམངས་དོན་ཁྲིམས་གཞུང་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱ་འགུལ་སྤེལ་བ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་ནས་རྒྱུས་ལོན་པ་ལྟར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉི་ཤུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུའི་བཀོད་སྒྲིག་བླང་བྱ་དངོས་འབེབས་བྱེད་པ་དང་། “དམངས་དོན་ཁྲིམས་གཞུང་མང་ཚོགས་ཁྲོད་ཁྱབ་གདལ་གཏོང་བ་དང་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་པའི”ལས་དོན་གྱི་བླང་བྱ་ལྟར། ཉེ་ཆར། བོད་ལྗོངས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། “ཉེ་འགྲམ་དུ་དམངས་དོན་ཁྲིམས་གཞུང་ཁྱབ་གདལ་གཏོང་བ་དང་ཁྲིམས་སྐྱོང་སེམས་སུ་ཟུག་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དམངས་དོན་ཁྲིམས་གཞུང་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད།

བོད་ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱ་འགུལ་སྒོ་རབ་དང་རིམ་པ་ལེགས་པོར་སྤེལ་ཆེད། བོད་ལྗོངས་ཀྱིས“སུས་ཁྲིམས་འཛིན་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི”ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ་གཞིར་བཟུང་ཏེ། བོད་ལྗོངས་ཀྱིས་དཔེ་སྟོན་སྣེ་ཁྲིད་དང་རིམ་ཁག་སྡེ་ཚན་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྐུལ་འདེད་འོས་འཚམ་གཏོང་བའི་དྲིལ་བསྒྲགས་བྱེད་སྟངས་སྤྱད་དེ། ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་དམངས་དོན་ཁྲིམས་གཞུང་གི་ཆེད་དོན་ཁྲིམས་སྐྱོང་འཆད་ཁྲིད་དང་། དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཆེད་བསྒྲིགས་ལེ་ཚན་གསར་གཏོད། དྲ་རྒྱའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་གྱི་ཁྲིམས་ལུགས་ཁྱབ་གདལ་དང་དམངས་དོན་ཁྲིམས་གཞུང་གི་བརྙན་ཐུང་རབ་དང་རིམ་པའི་ཆེད་དོན་ཁྲིམས་ལུགས་ཁྱབ་གདལ་གཏོང་བ། “དམངས་དོན་ཁྲིམས་གཞུང་གིས་ལང་ཚོ་སྲུང་སྐྱོང་བྱེད་པའི”གཞོན་ནུ་ལོ་ཆུང་གི་ཁྲིམས་སྦྱོང་སློབ་ཁང་གི་བྱ་འགུལ་སྤེལ་བ་སོགས་ཀྱི་རྣམ་པ་བརྒྱུད། དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཀྱི་བྱ་འགུལ་རབ་དང་རིམ་པ་ཡག་པོ་སྤེལ་ནས། བོད་ལྗོངས་སུ་ཁྲིམས་སྐྱོང་གི་ཁོར་ཡུག་ཡག་པོ་ཞིག་སྐྲུན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།