བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་སློབ་ཡོན་མི་དགོས་པའི་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་འཛིན་གྲྭར་མིང་ཐོ་འགོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་9ཉིན། གསར་འགོད་པས་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ནས་རྒྱུས་ལོན་པ་ལྟར་ན། 2020ལོའི་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་འཛིན་གྲྭ་འདི་ལོའི་ཟླ8པར་སློབ་ཡོན་མི་དགོས་པར་སྒོ་འབྱེད་རྒྱུ་ཡིན་པ་དང་། གྲོང་མི་ཚོས་མང་ཚོགས་སྒྱུ་རྩལ་ཁང་དུ་བསྐྱོད་ནས་མིང་ཐོ་བཀོད་ན་འགྲིག མི་ཐོ་འགོད་པའི་དུས་ཚོད་ནི་ཟླ7པའི་ཚེས9ཉིན་ནས་ཚེས25ཉིན་བར་རེད། མི་ཐོ་འགོད་སྐབས་ཐེམ་ཐོའམ་ཡང་ན་ཐོབ་ཐང་ལག་ཁྱེར་འཁྱེར་དགོས་པ་དང་། དེ་བཞིན་ཞྭ་མོ་མ་གྱོན་པའི་ཕྱེད་པར་གཅིག་དགོས་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་འཛིན་གྲྭར་ནང་མ་སྟོད་གཞས་ཀྱི་དར་མའི་འཛིན་གྲྭ་དང་། ལྷ་མོའི་གཞས་གདངས་སྦྱོང་བའི་ན་གཞོན་གྱི་འཛིན་གྲྭ སྒྲ་སྙན་སྦྱོང་བའི་ན་གཞོན་གྱི་འཛིན་གྲྭ ཀི་ཐར་སྦྱོང་བའི་ན་གཞོན་གྱི་འཛིན་གྲྭ རི་མོ་སྦྱོང་བའི་ན་གཞོན་གྱི་འཛིན་གྲྭ་སོགས13ཡོད་པ་དང་། སློབ་ཚན་དེ་དག་ཚང་མ་གྲོང་མིར་སློབ་ཡོན་མི་དགོས་པར་སློབ་རྒྱུ་རེད། གསོ་སྦྱོང་འཛིན་གྲྭ་རེར་སློབ་མ10ནས100བར་བསྡུ་ཡི་ཡོད་པ་དང་ན་གཞོན་འཛིན་གྲྭའི་སློབ་བསྡུའི་སློབ་མའི་ལོ་ཚད་ནི་ལོ7ནས་ལོ17བར་ཡིན་པ་དང་། དར་མའི་འཛིན་གྲྭའི་སློབ་བསྡུའི་སློབ་མའི་ལོ་ཚད་ནི་ལོ18ཡན་ཡིན་པ་རེད།

ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་རྒྱལ་ཁབ་ཀྱི་སློབ་ཡོན་མི་དགོས་པའི་སྒོ་དབྱེའི་སྲིད་ཇུས་དང་ཟུང་འབྲེལ་བྱས་ཏེ། སྒྱུ་རྩལ་ཁྱབ་གདལ་གཏོང་སྟངས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱེད་པ་དང་། ཁང་ནང་ཁུལ་གྱི་འདུ་གནས་དང་། སྒྲིག་བཀོད་དང་སྒྲིག་ཆས། ཤེས་ལྡན་པ་བཅས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱེད་པ། རྩེར་སོན་དང་སྤུས་ཚད་མཐོ་བའི་སྒྱུ་རྩལ་འགྲེམས་སྟོན་དང་། འཁྲབ་སྟོན། གསོ་སྦྱོང་བཅས་བྱས་ནས་ལྗོངས་ཡོངས་ཀྱི་མང་ཚོགས་ཀྱི་རིག་གནས་ལས་དོན་ལ་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།