བོད་ལྗོངས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཟའ་བཅའི་བདེ་འཇགས་ཀྱི་སྲིད་ཇུས་གསལ་འགྲེལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས10ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བཟའ་བཅའི་བདེ་འཇགས་གནད་དོན་ལ་དམིགས་ཏེ་གསར་འགོད་པའི་དྲི་བར་ལན་བཏབ་པ་དང་འབྲེལ། 《བཟའ་བཅའི་བདེ་འཇགས་ལས་དོན་ལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》དང《བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་བཟའ་བཅའི་བདེ་འཇགས་འགན་འཁྲིའི་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ》གསལ་འགྲེལ་བྱས་པ་རེད།

གསར་འགོད་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 《ལག་བསྟར་བསམ་འཆར》ནང་། མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་ཆེན་པོ་བྱེད་པར་དམིགས་པ་དང་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས། རང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་ལས་དོན་ལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཤུགས་སྣོན་རྒྱག་རྒྱུའི་ཞིབ་ཕྲའི་བྱ་ཐབས་ཁག29བཏོན་ཡོད་པ་རེད། 《ལག་བསྟར་ཞིབ་སྲོལ》ནང་། རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་ཁ་གསལ་བཟོས་པ་དང་། བཟའ་བཅའི་བདེ་འཇགས་ལས་དོན་གྱི་འགན་འཁྲིའི་མ་ལག་དང་དཔྱད་མོལ་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་བཟའ་བཅའི་བདེ་འཇགས་གནས་ཚུལ་སྤྱིར་ན་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཅིང་། མིག་སྔར། ལྗོངས་ཡོངས་ཀྱི་བཟའ་བཏུང་ཞབས་ཞུ་ཚན་པས་ཕྱི་གསལ་ནང་གསལ་གྱི་ཐབ་ཚང་ལག་བསྟར་བྱེད་ཚད70%དང་། སློབ་གྲྭའི་ཟ་ཁང་དུ་ཕྱི་གསལ་ནང་གསལ་གྱི་ཐབ་ཚང་ལག་བསྟར་བྱེད་ཚད85%།བཟའ་བཅའི་བདེ་འཇགས་ཀྱི་འཐེན་བཤེར་ཚད་གཞི་ལོན་ཚད97.6%བཅས་ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་ཡོད་པ་རེད། ལོ་མང་རིང་། ལྗོངས་ཡོངས་སུ་བཟའ་བཅའི་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་ཐོན་མེད་པ་དང་། མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་ནུས་ལྡན་ཐུབ་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།