བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་ནས་ཁུང་མིན་དེ་ནས་མང་གྲོང་ཁྱེར་བར་གྱི་མཁའ་ལམ་གསར་བ་ཤར་གཏོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་མཁའ་འགྲུལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཚེས11ཉིན་གྱི་ཆུ་ཚོད12དང་སྐར་མ8ཀྱི་ཐོག་བོད་ལྗོངས་མཁའ་འགྲུལ་གྱི་གནམ་གྲུ་ཐོག་མ་ཡུན་ནན་ཞིང་ཆེན་གྱི་མང་གྲོང་ཁྱེར་གནམ་གྲུ་ཐང་དུ་བབས་པ་ལས་བོད་ལྗོངས་མཁའ་འགྲུལ་གྱི་ལྷ་ས་ནས་ཁུང་མིན་བར་དང་དེ་ནས་མང་གྲོང་ཁྱེར་བར་གྱི་མཁའ་ལམ་གསར་བ་བདེ་བླག་ངང་ཤར་གཏོང་བྱས་པ་མཚོན།

ངོ་སྤྲོད་བྱས་པ་ལྟར་ན། མཁའ་ལམ་འདི་ནི་ཚོང་རའི་རྐྱང་འཕུར་མཁའ་ལམ་ཡིན་ཞིང་། གཟའ་མིག་དམར་དང་། གཟའ་ཕུར་བུ། གཟའ་སྤེན་པ་བཅས་ལ་ཐེངས་གཅིག་རེ་འཕུར་བཞིན་ཡོད། མཁའ་ལམ་འདི་ནི་བོད་ལྗོངས་མཁའ་འགྲུལ་གྱིས་ཐོག་དང་པོར་ལྷ་ས་ནས་མང་གྲོང་ཁྱེར་བར་ལ་མཁའ་ལམ་ཤར་གཏོང་བྱས་པ་ཡིན་པས། ཆུ་ཚོད་ལྔ་ཙམ་གྱི་འཕུར་སྐྱོད་དུས་ཡུན་ནང་ལྷ་ས་ནས་ཡུན་ནན་གྱི་མཐའ་མཚམས་གྲོང་ཁྱེར་ཏེ་མང་གྲོང་ཁྱེར་དུ་འབྱོར་ཐུབ་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།